ངོ་འཕྲད་བདེ་བའི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ཟླ་བཅུ་བའི་ཚེས་༣༠་ནས་བཅུ་གཅིག་པའི་ཚེས་༡་བར་ཨ་རིའི་མངའ་སྡེ་མ་ས་ཆུ་སེ་ཊི་ཡི་གྲོང་ཁྱེར་བྷོ་སི་ཊོན་ནང་མཛད་འཕྲིན་བསྐྱངས་པ་དང་། གཟའ་ཕུར་བུའི་ཉིན་གྲོང་ཁྱེར་བྷོ་སིན་ཊོན་ནང་གི་ཝེའུ་ནེམ་གྱི་ཚོགས་པས་གསོལ་འདེབས་ཞུས་པ་ལྟར་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་སེམས་བསྐྱེད་བསྩལ་བ་དང་། གཟའ་པ་སངས་ཉིན་སེམས་དང་སྲོག་གི་ཚོགས་འདུས་བཀོད་སྒྲིག་བྱས་པ་ལྟར་སྒོམ་སྒྲུབ་ཉམས་ལེན་གྱི་ཉམས་ཞིབ་ཚོགས་འདུར་གསུང་བཤད་དང་བགྲོ་གླེང་མཛད་ཅིང་། ཕྱི་དྲོར་ཨ་རིའི་ནང་སྐད་གྲགས་ཆེ་བའི་མངའ་སྡེ་དེའི་ཚན་རྩལ་མཐོ་སློབ་ཏུ་གོ་ལའི་ཚ་དྲོད་རྒྱས་བཞིན་པའི་ཐད་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚན་རིག་པ་དང་བགྲོ་གླེང་གནང་བ་དང་། དེ་ནས་སྤྱི་ཚོགས་ཁྲོད་ཕན་པའི་ལས་དོན་སྒྲུབ་མཁན་ན་གཞོན་སློབ་མ་ཁག་ཅིག་དང་གླེང་མོལ་མཛད་པ་རེད།། དེ་བཞིན་དུ་གཟའ་སྤེན་པའི་ཉིན་བྷོ་སི་ཊོན་ས་ཁུལ་གྱི་བོད་རིགས་ཚོགས་པས་གོ་སྒྲིག་བྱས་པ་ལྟར། ༧གོང་ས་མཆོག་གིས་མི་ཁྲི་ཚོ་གཅིག་ལྷག་ལ་ཀླད་སེམས་གཉིས་ཀྱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ Elizabeth Warren དང་། གྲོང་ཁྱེར་སྤྱི་ཁྱབ་ Martin Walsh གཉིས་ཀྱིས་ཚོགས་ཁང་ཆེན་མོའི་ནང་༧གོང་ས་མཆོག་ལ་ཕེབས་བསུ་ཞུས་ཤིང་། ས་གནས་བོད་རིགས་ཚོགས་པས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་བསྟོད་གཞས་འབུལ་བ་རེད། གོང་ས་མཆོག་གིས་ས་གནས་བོད་རིགས་ལ་ཆེད་དུ་དམིགས་ནས་བོད་ཀྱི་སྐད་དང་རིག་གཞུང་སྲུང་སྐྱོབ་བྱེད་དགོས་པའི་གལ་ཆེན་རང་བཞིན་དང་། དཔལ་འབྱོར་འཚོལ་སྒྲུབ་བྱས་ནས་གཞན་ཕན་གྱི་ལས་ལ་འབད་དགོས་པའི་དམིགས་བསལ་བཀའ་སློབ་བསྩལ་ཡོད། དེ་བཞིན་དུ་ས་གནས་ཀྱི་རྒན་རྒོན་རྣམས་ལ་ལོགས་སུ་མཇལ་ཁ་དང་བཀའ་སློབ་གནང་བ་རེད།།

XS
SM
MD
LG