ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

༸གོང་ས་མཆོག་གི་ཁེ་ན་ཊ་དང་ཨ་རིའི་ནང་གི་མཛད་འཆར།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གཞུག་གི་བདུན་ཕྲག་གཉིས་ལྷག་གི་རིང་ཁེ་ན་ཊ་དང་ཨ་རིའི་ནང་གསུང་ཆོས་དང་བགྲོ་གླེང་། མང་ཚོགས་ལ་གཏམ་བཤད་བཅས་གནང་ནས་མཛད་འཕྲིན་སྐྱོང་རྒྱུ་ཡིན་པ་རེད།།

སང་ཉིན་ཏེ་ཕྱི་ཟླ་ ༡༠ ཚེས་ ༢༡ ཉིན་ཁ་ན་ཊའི་བྷི་སི་མངའ་ཁོངས་ཀྱི་ཝན་ཁོ་ཝར་གྲོང་ཁྱེར་དུ་རྒྱལ་སྤྱིའི་ཚན་རིག་པ་གྲགས་ཅན་དང་ལྷན་དུ་དཔལ་འབྱོར་གྱི་སྐོར་དང་ཀླད་རྩྭའི་ཚན་རིག སེམས་ཁམས་རིག་པ། སྤྱི་ཚོགས་ལ་ཕན་པའི་སྲིད་བྱུས་ལག་ལེན་བསྟར་སྟངས་བཅས་དང་འབྲེལ་ནས་བྱམས་བརྩེ་གོང་འཕེལ་གཏོང་ཐབས་ཀྱི་ཤེས་ཡོན་ཚན་རིག་སྐོར་ལ་བཞུགས་མོལ་ཚོགས་འདུ་གནང་རྒྱུ་དང་། ཕྱི་ཟླ་ ༡༠ ཚེས་ ༢༣ ཉིན་བྷི་སི་བོད་ཀྱི་རིག་གཞུང་ཚོགས་པ་དང་། མཚན་སྒྲོག་དགོན་པ་གཉིས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་གསུང་ཆོས་དང་། སྤྱན་རས་གཟིགས་ཀྱི་བཀའ་དབང་སྩལ་རྒྱུ་ཡིན་པ་རེད།།

དེ་ནས་ཕྱི་ཟླ་ ༡༠ ཚེས་ ༢༥ ཉིན་ནས་ཕྱི་ཟླ་བཅུ་གཅིག་པའི་ཚེས་༤་ཉིན་བར་ཨ་རིའི་ནང་མཛད་འཕྲིན་སྐྱོང་རྒྱུ་ཡིན་པ་རེད། བཅུ་བའི་༢༥་ཉིན་ཨ་རིའི་ཨ་ལ་བྷ་མ་མངའ་ཁོངས་བྷར་མིང་ཧམ་གྲོང་ཁྱེར་དུ་ཨ་ལ་བྷ་མ་གཙུག་ལག་སློབ་གྲྭའི་གོ་སྒྲིག་འོག་ཀླད་རྩྭའི་འགྱུར་ལྡོག་དང་གསོ་ཐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་སྩལ་རྒྱུ། ཚེས་༢༦ ཉིན་ཆོས་ལུགས་ཁག་གི་མི་སྣ་དང་མཉམ་དུ་ཆོས་དད་ཀྱི་ར་བ་ལས་བརྒལ་བ་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ལ་ལྷན་བཞུགས་གནང་རྒྱུ་དང་། རང་རེའི་དུས་སྐབས་ཀྱི་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་ཅེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ་ཡིན་པ་རེད།། དེ་ནས་ཕྱི་་ ༡༠ ཚེས་ ༣༠ ནས་བཟུང་ཨ་རིའི་བྷོ་སི་ཊོན་གྲོང་ཁྱེར་དུ་ཝེ་དུ་ནམ་ནང་པའི་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་བློ་སྦྱོང་ཚིག་བརྒྱད་མ་དང་། སེམས་བསྐྱེད་སྩལ་རྒྱུ་དང་།སེམས་དང་སྲོག་ཚོགས་པའི་གོ་སྒྲིག་ལྟར་སྒོམ་སྒྲུབ་ཉམས་ལེན་གྱི་ཉམས་ཞིབ་ཐོག་རྒྱལ་སྤྱིའི་ཚོགས་འདུར་ཕེབས་རྒྱུ། ༧ཏཱ་ལའི་བླ་མའི་ཡ་རབས་སྤྱོད་བཟང་དང་སེམས་ཀྱི་འགྱུར་བའི་རིན་ཐང་སྦྱོང་བརྡར་ལྟེ་གནས་ཁང་ནས་གོ་སྒྲིག་ལྟར་ཨ་རིའི་བྷོ་སི་ཊོན་གྲོང་ཁྱེར་དུ་འཛམ་གླིང་བཟང་ཕྱོགས་སུ་འགྱུར་བ་གཏོང་མཁན་རླབས་ཆེན་མི་སྣའི་ཚོགས་འདུའི་བགྲོ་གླེང་ལ་ལྷན་བཞུགས་གནང་རྒྱུ། ད་རུང་ཨ་རིའི་བྷོ་སི་ཀྲོན་དུ་བོད་རིགས་སྤྱི་མཐུན་ཚོགས་པའི་བཀོད་སྒྲིག་ལྟར་ཀླད་སེམས་གཉིས་ཀྱི་ཤེས་ཡོན་ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་སྩལ་རྒྱུ་རེད་འདུག

ཕྱི་ཟླ་ ༡༡ ཚེས་ ༢ ཉིན་ནས་བཟུང་ཨ་རིའི་ནེའུ་ཡོག་གྲོང་ཁྱེར་དུ་ཟླ་སྣང་ཐེབས་རྩ་ཚོགས་པས་ཇི་ལྟར་གསོལ་བ་བཏབ་པ་ལྟར་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པ་བྱང་ཆུབ་སེམས་འགྲེལ་གྱི་གསུང་ཆོས་དང་། སྤྱན་རས་གཟིགས་ཀྱི་དབང་གནང་རྒྱུ། ཚེས་༣་དང་༤་ཉིན་ནེའུ་ཡོག་བོད་ཁང་གི་གོ་སྒྲིག་ལྟར་རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་དྲང་ངེས་ལེགས་བཤད་སྙིང་པོའི་གསུང་ཆོས་སྩལ་རྒྱུ། ཚེས་༥་ཉིན་ནེའུ་ཡོག་ཏུ་རང་རིགས་མང་ཚོགས་ལ་ཞལ་མཇལ་བླང་དོར་བཀའ་སློབ་བསྩལ་རྒྱུ་ཡིན་པ་རེད།།

XS
SM
MD
LG