ངོ་འཕྲད་བདེ་བའི་དྲ་འབྲེལ།


རྒྱ་གར་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེ་དང་བོད་ཀྱི་ས་མཚམས་ཁག་ཏུ་རྒྱ་ལམ་སྤྱི་ལེ་༢༠༠༠་ཅན་ཞིག་འཛུགས་སྐྲུན་བྱ་འཆར་ཡོད་པ་དང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་འཛུགས་སྐྲུན་ལས་འཆར་དེར་བློ་འཚབ་ཆེ་པོ་ཡོད་ཅེས་དགག་པ་བརྒྱབ་ཀྱང་ཕྱི་ཟླ་༡༠་ཚེས་༡༦་ཉིན་རྒྱ་གར་གྱི་ནང་སྲིད་བློན་ཆེན་ར་ཇི་ནྟ་ཡིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། རྒྱ་གར་གཞུང་གིས་རང་གི་ཤར་བྱང་ཕྱོགས་ཀྱི་ས་མཚམས་ཁག་ལ་རྒྱ་ལམ་འཛུགས་སྐྲུན་བྱ་རྒྱུ་སུ་གཅིག་གིས་ཀྱང་འགོག་ཐབས་མེད། རྒྱ་དཀར་ནག་གཉིས་ཀྱིས་གྲོས་མོལ་བྱས་ནས་ས་མཚམས་ཀྱི་རྩོད་གཞི་དེ་དག་ཐག་གཅོད་བྱ་དགོས། ང་ཚོར་སུ་གཅིག་གིས་ཀྱང་སྡིགས་ར་བསྐུལ་པ་དང་ཉེན་བརྡ་གཏོང་མི་ཆོག་ཅེས་གསར་འགོད་གསལ་བསྒྲགས་སྤེལ་འདུག ཡིན་ནའང་རྒྱ་ནག་གཞུང་གིས་མོན་རྟ་དབང་གཙོ་བོར་གྱུར་པའི་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེ་ཧྲིལ་བོ་རྒྱ་ནག་གི་མངའ་ཁོངས་ཡིན་ཞེས་བདག་རྩོད་བྱེད་ཀྱི་ཡོད་པ་མཚམས་འཇོག་གི་མེད་ཅིང་། གཟའ་ཕུར་བུའི་ཉིན་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧུང་ལེ་ཡིས་རྒྱ་གར་གྱི་མཚམས་ཁག་གི་རྒྱ་ལམ་འཛུགས་སྐྲུན་བྱ་ཡུལ་ས་གནས་གང་གང་ཡིན་མིན་ང་ཚོས་ངེས་གཏན་བྱས་མེད། རྒྱ་དཀར་ནག་གི་ས་མཚམས་རྩོད་གཞི་མེ་སེར་སྤེལ་བའི་ལམ་ལུགས་ཀྱི་ཤུལ་བཞག་རྩོད་གཞི་ཞིག་ཡིན། ང་ཚོས་རྩོད་གཞི་དེ་དག་འོས་ཤིང་འཚམས་པའི་སྒོ་ནས་ཐག་གཅོད་བྱ་དགོས། རྒྱ་གར་ཤར་ཕྱོགས་ཀྱི་ས་ཆ་དེ་དག་སུའི་མངའ་ཁོངས་ཡིན་མིན་རྩོད་པ་ཡོད་ཅེས་ནན་བརྗོད་བྱས་ཡོད་པ་རེད། རྒྱ་གར་གཞུང་གིས་ལ་དྭགས་དང་མོན་རྟ་དབང་ཕྱོགས་སུ་རྒྱ་ལམ་དང་གནམ་ཐང་ཁག་ཅིག་འཛུགས་སྐྲུན་བྱེད་ཀྱི་ཡོད་པ་རྒྱ་ནག་གི་ཚུར་རྒོལ་འབྱུང་སྲིད་པ་འགོག་ཐབས་ཤིག་ཡིན་ཞིང་། དཔེར་ན་རྒྱ་ནག་ཞུང་གིས་བོད་ཀྱི་མཐོ་སྒང་དེ་ཉིད་དམག་གི་རྟེན་གཞི་ཞིག་ལ་བསྒྱུར་ནས་རྒྱ་ནག་གི་དམག་དོན་ལ་མཁོ་བའི་མྱུར་སྐྱོད་གཞུང་ལམ་དང་མེ་འཁོར་ལྕགས་ལམ། དམག་གི་གནམ་ཐང་སོགས་འཛུགས་སྐྲུན་གྱི་བྱ་གཞག་ཁག་ལེགས་པར་གྲུབ་ཡོད་པས། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་རྒྱ་གར་གྱི་ས་མཚམས་བར་དུ་དཔུང་སྐྱོད་བྱེད་པར་འགྲིམ་འགྲུལ་དང་སྐྱེལ་འདྲེན་གྱི་དཀའ་ངལ་མེད་པ་དང་། གལ་སྲིད་རྒྱ་དཀར་ནག་གཉིས་ཀྱིས་སླར་ཡང་དམག་འཁྲུག་ཅིག་བརྒྱབ་ཚེ། རྒྱ་ནག་མི་དམངས་བཅིངས་འགྲོལ་དམག་འབུམ་ཕྲག་འགའ་ཞིག་འཕྲལ་དུ་རྒྱ་གར་གྱི་ས་མཚམས་ཁག་ལ་སྐྱེལ་འདྲེན་ཐུབ་པ་མ་ཟད། ད་དུང་མི་དམངས་བཅིངས་འགྲོལ་དམག་གི་མཚོན་ཆ་དང་བཟའ་བཏུང་། སྨན་དང་དེ་མིན་གྱི་དམག་དོན་ཡོ་བྱད་སོགས་ནར་འགྱངས་མེད་པར་སྐྱེལ་འདྲེན་ཐུབ་ཀྱི་ཡོད་ཅིང་། དེར་བརྟེན་རྒྱ་གར་གྱིས་ཀྱང་ལ་དྭགས་དང་ཨ་རུ་ན་ཅལ་མངའ་སྡེའི་ས་མཚམས་ཁག་ལ་མེ་འཁོར་ལྕགས་ལམ་དང་རྒྱ་ལམ། དམག་གི་གནམ་ཐང་ཁག་ཅིག་འཛུགས་སྐྲུན་བྱ་དགོས་པའི་འཆར་འགོད་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG