ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༡

ཡུ་གུར་པ་༡༢་ལ་སྲོག་ཁྲིམས་དང་ཁག་ཅིག་ལ་ཚེ་བཙོན།


བདུན་ཕྲག་འདིའི་གཟའ་ཟླ་བའི་ཉིན་རྒྱ་ནག་གི་ཁྲིམས་ཁང་ཞིག་གིས་ཞིན་ཅང་གི་ཡུ་གུར་པ་༡༢་ལ་སྲོག་ཁྲིམས་དང་མི་ཁག་ཅིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ཅིང་། གཟའ་འཁོར་འདིར་ཁྲིམས་ཐག་བཅད་པའི་ཡུ་གུར་པ་དེ་དག་གིས་ལོ་འདིའི་ཕྱི་ཟླ་༧་ནང་ཞིན་ཅང་ལྷོ་ཕྱོགས་ཀྱི་ཡར་ཁྣཏ་རྫོང་གི་ཉེན་རྟོག་ལས་ཁང་ཞིག་ལ་ཚུར་རྒོལ་བྱས་ཏེ། རྒྱ་གཞུང་གི་བདེ་འཇགས་ཉེན་རྟོག་པ་ཚོས་རྒོལ་ལན་སློག་ནས་འཇིགས་སྐུལ་རིང་ལུགས་པ་༥༩་བསད་པ་དང་། སྐབས་དེར་མི་མང་དཀྱུས་མ་༣༧་ལའང་སྲོག་སྐྱོན་ཕོག་ཡོད་ཅེས་ཁྲིམས་ཁང་གི་ཡིག་ཆའི་ནང་དུ་འཁོད་ཡོད་པ་མ་ཟད། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཡུ་གུར་པ་ཚོས་བསྟན་སྲུང་དམག་འཁྲུག་བརྒྱབ་ནས་ཞིན་ཅང་ལ་ཁ་ཆེའི་ཆོས་ཁྲིམས་རྩ་འཛིན་བྱེད་པའི་རང་བཙན་རྒྱལ་ཁབ་ཅིག་འཛུགས་ཐབས་བྱེད་བཞིན་ཡོད་ཅེས་ཁྱབ་བསྒྲགས་བྱས་པ་དང་། ཁ་སྔོན་ཕྱི་ཟླ་༧་ཚེས་༢༨་ཉིན་བྱུང་བའི་ཡར་ཁྣཏ་རྫོང་གི་ཟིང་འཁྲུག་དེ་ཉེ་བའི་ལོ་ཤས་ནང་དུ་ཞིན་ཅང་གི་ཡུ་གུར་པ་དང་རྒྱ་ནག་གི་དྲག་ཆས་ཉེན་རྟོག་པ་ཚོས་འཐབ་འཁྲུག་བརྒྱབ་སྟེ། ཞིན་ཅང་གི་ས་ཐོག་ཏུ་མི་གསོད་ཁྲག་སྦྱོར་གྱི་དོན་རྐྱེན་བྱུང་བ་ཚབས་ཆེ་ཤོས་ཤིག་ཡིན་པ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་ལ་འབྱུང་བཞིན་ཡོད་པའི་འཁྲུག་རྩོད་ཡོད་དོ་ཅོག་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཀྱི་འཐབ་འཁྲུག་ཅིག་གི་ངོ་བོར་བསྒྱུར་ཏེ། རྒྱ་ནག་མི་དམངས་ལ་བཤད་སྟངས་མ་འདྲ་བ་ཞིག་དྲིལ་བསྒྲགས་བྱ་གང་ཐུབ་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG