ངོ་འཕྲད་བདེ་བའི་དྲ་འབྲེལ།

ཁམས་ཏྲེ་ཧོར་གྱི་བོད་མི་ཚོང་པ་ཞིག་གིས་དཀར་མཛེས་རྫོང་གི་ཁྲོམ་རྭར་སྐད་འབོད་བྱས།


ཕྱི་ཟླ་བཅུ་བའི་ཚེས་༤་ཉིན་པ་སངས་དབང་ཕྱུག་ལགས་ཀྱིས་ལག་ཏུ་འབོད་ཚིག་བྲིས་ཡོད་པའི་རས་དར་བཟུང་སྟེ་དཀར་མཛེས་རྫོང་ཐོག་གི་ཁྲོམ་གཞུང་དུ་སྐད་འབོད་དང་། མི་ཚོགས་ལ་རས་དར་སྟེང་གི་འབོད་ཚིག་གསལ་བོར་བསྟན་ནས་དུས་ཡུན་སྐར་མ་བཅུ་ཐམ་པ་ལྷག་གི་ངོ་རྒོལ་བྱས་རྗེས་རྒྱ་ནག་གི་ཉེན་རྟོག་མི་སྣས་ཁོ་རང་འཛིན་བཟུང་བྱས་པ་རེད།། ཚོང་པ་པ་སངས་དབང་ཕྱུག་ལགས་ཀྱི་སྐད་འབོད་དང་རས་དར་སྟེང་གི་འབོད་ཚིག་ནི་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས། བོད་ལ་རང་དབང་དགོས། ཆོས་ལུགས་དད་མས་ཀྱི་རང་དབང་སྤྲོད་དགོས། རྒྱལ་བ་ཡིད་བཞིན་ནོར་བུ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པ་སོགས་ཡིན།།

ད་ལྟ་རྒྱ་གར་ལྷོ་ཕྱོགས་སུ་སློབ་གཉེར་གནང་བཞིན་པའི་ཕ་ཡུལ་ཏྲེ་ཧོར་ནས་ཡིན་ལ་རྒྱུས་མངའ་ཆེན་པོ་ཡོད་པའི་དགེ་འདུན་པ་ཞིག་གིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་དོན་ལ། པ་སངས་དབང་ཕྱུག་ལགས་གང་དུ་བཀག་ཉར་བྱས་ཡོད་པ་དང་། མནར་གཅོད་གཏོང་གི་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་མི་ཤེས་པ་དང་། ནང་མི་རྣམས་ཀྱིས་སེམས་ཁྲལ་བྱེད་ས་གཙོ་བོ་དེ་ནི་དེ་སྔོན་འཛིན་བཟུང་བཀག་ཉར་བྱས་རྗེས་གློད་གྲོལ་ཐོབ་པ་དག་དབང་བོ་སྐྱོན་ཅན་ནམ་སེམས་ཁམས་བདེ་བོ་མེད་པ་ཆགས་ཡོད་པར་བརྟེན། པ་སངས་དབང་ཕྱུག་ལགས་ཀྱང་དེ་འདྲ་ཆགས་སྲིད་པའི་སེམས་ཁྲལ་དེ་ཡིན་ཟེར།།

ཁོང་དང་ཕ་མ་གཅིག་པའི་སྤུན་མཆེད་བཙུན་མ་སྤོས་དབང་ལགས་ཀྱང་ས་བྱི་ལོའི་ཞི་རྒོལ་ཆེན་མོའི་ནང་མཉམ་ཞུགས་བྱས་པར་བརྟེན་འཛིན་བཟུང་བྱས་ཏེ་ལོ་གཉིས་དང་ཟླ་ལྔ་རིང་བཙོན་འཇུག་བྱས་ཏེ་གློད་གྲོལ་བཏང་ནས་ཁྱིམ་དུ་བསྡད་ཡོད་པ་དང་། ཡིན་ནའང་བཙོན་འཇུག་གི་སྐབས་སུ་མནར་གཅོད་ཚད་མེད་བཏང་བས་གཟུགས་པོ་སྐྱོན་ཅན་ལྟ་བུ་ཆགས་ཡོད་ཟེར།།

པ་སངས་དབང་ཕྱུག་གམ་སྔོ་འབྲུ་ལགས་ནི་སྐྱོ་བོ་རྣམས་ལ་རོགས་གང་ཐུབ་གནང་མཁན་གྱི་ཚོང་པ་ཞིག་ཡིན་པ་དང་། ཁོང་ནི་དཀར་མཛེས་རྫོང་འབུ་ཆུ་དབྱར་ཁབ་གྲོང་ཚོ་རུ་༡༩༧༧་ལོར་སྐྱེས་ཤིང་། ཕ མིང་ལ་ཆོས་དབང་རྒྱ་མཚོ་དང་། མ་མིང་ལ་རིན་དགའ་ཞུ་བ་རེད། པ་སངས་དབང་ཕྱུག་ལགས་ཀྱི་བཟའ་ཟླའི་མིང་ལ་བསོད་ནམས་ཞུ་བ་དང་། ཁོང་གཉིས་ལ་བུ་མོ་གཉིས་དང་བུ་གཅིག་ཡོད་ལ། ཆུང་ཤོས་དེ་རང་ལོ་ལྔ་ཙམ་ཡིན་པ་རེད།།

XS
SM
MD
LG