ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྩོམ་པ་པོ་སྒྱིས་ཚང་སྟག་སྨྲིག་གློད་གྲོལ།


རྩོམ་པ་པོ་སྒྱིས་ཚང་སྟག་སྨྲིག་ལགས་ནི་ལོ་བཞི་ཡི་ཁྲིམས་ཐག་གི་དུས་ཡུན་རྫོགས་ནས་བཙོན་ཁང་ནས་ཀློད་གྲོལ་ཐོབ་སྟེ་ཕྱིར་རང་ཁྱིམ་དུ་ལོག་ཡོད།།

སྨྱུག་མིང་ལ་སྒྱིས་ཚང་སྟག་སྨྲིག་དང་མིང་དངོས་སྐལ་བཟང་ཚུལ་ཁྲིམས་ཡིན་པ་ཁོང་གིས་༼བོད་ལ་རང་དབང་མེད་པའི་སྐོར་གྱི་སྙན་ཞུ༽ཞེས་པ་འོད་སྡེར་ ༢༥༠༠ ཙམ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་སུ་འགྲེམས་སྤེལ་བྱས་པ་དང་། མི་ཡུལ་ལ་ཕུལ་བའི་སེམས་པ་ཞེས་པའི་དཔེ་དེབ་ཅིག་བརྩམས་སྤེལ་གནང་བ་དེ་ནི་རྒྱ་ནག་གཞུང་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་དང་འགལ་ཡོད་པ་དང་། ཕྱི་ཕྱོགས་ཁ་བྲལ་བ་དང་ངན་འབྲེལ་གྱིས་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་ངན་བརྩམས་ཡོད་པ་བཅས་ཀྱི་ཉེས་འཛུགས་བྱས་ཏེ་ཁྲིམས་ཆད་བཅད་པ་ཞིག་རེད།།

རྒྱ་ནག་གི་བཙོན་འོག་ནས་འདས་པའི་མི་ལོ་ ༤ རིང་དཀའ་སྡུག་མནར་གཅོད་མྱངས་མཐར། ཕྱི་ཟླ་བཅུ་བའི་ཚེས་༣་ཉིན་ལན་ཀྲོའུ་ཡི་བཙོན་ཁང་ཞིག་ནས་གློད་གྲོལ་བཏང་སྟེ་ཕ་ཡུལ་དུ་འབྱོར་ཡོད།།

སྒྱིས་ཚང་སྟག་སྨྲིག་ལགས་ནི་༢༠༠༧ ལོའི་ཕྱི་ཟླ་ ༧ པའི་ཚེས་ ༢༧ ཉིན་གྱི་དགོང་མོར་སི་ཁྲོན་མཛོད་དགེ་རྫོང་ཐོག་ཏུ་འཛིན་བཟུང་གིས་རེ་ཞིག་ལ་བཀག་ཉར་བྱས་པ་དང་། ༢༠༡༠ ལོའི་ཕྱི་ཟླ་ ༡༢ བའི་ཚེས་ ༡༣ ཉིན་ཡང་བསྐྱར་འཛིན་བཟུང་གིས་ལོ་གཅིག་ལྷག་རིང་ཀན་ལྷོ་གཙོད་གྲོང་ཁྱེར་གྱི་བཙོན་ཁང་ཞིག་ཏུ་བཀག་ཉར་བྱས། ༢༠༡༡ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༣༠ ཉིན་ཀན་ལྷོའི་ཉེན་རྟོག་པས་ཁོ་ལ་ལོ་ ༤ དུས་བཀག་བཙོན་འཇུག་གི་ཁྲིམས་ཆད་བཅད་པ་ཡིན་ནང་མིར་བརྡ་ཙམ་བཏང་བ་རེད།།

རྩོམ་པ་པོ་ཁོང་ནི་མདོ་སྨད་བསང་ཆུ་རྫོང་སྒྱིས་ཚང་མང་དབང་ལུང་སྡེ་བར་ ༡༩༨༠ ལོར་སྐྱེས་ཤིང་སྒྱིས་ཚང་དགའ་ལྡན་ཆོས་འཁོར་གླིང་དུ་ཆོས་སྒོར་ཞུགས། ༢༠༠༥ ་ལོར་བསང་ཆུ་རྫོང་ཐོག་ཏུ་ཡོད་པའི་ཀན་སུའུ་ཞིང་ཆེན་ནང་བསྟན་སློབ་གླིང་ལ་ཞུགས་ཏེ་ ༢༠༠༩ ལོར་སློབ་མཐར་ཕྱིན་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG