ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨོ་སི་ཊེ་རེ་ལི་ཡ་གཏོར་རྒོལ་ལ་མཉམ་ཞུགས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ད་ནས་ཉིན་ཤས་ནང་དུ་ཨོ་སི་ཊི་རེ་ལི་ཡའི་གནམ་དམག་གིས་ཀྱང་ཨ་མི་རི་ཀར་མཉམ་འབྲེལ་བྱས་ཏེ། ཨི་རཀ་གི་ས་ཐོག་ཏུ་ཡོད་པའི་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱ་རྒྱུ་འགོ་འཛུགས་འཆར་ཡོད་ཅིང་། གཟའ་འཁོར་འདིར་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེ་རྒྱལ་ཕྲན་མཉམ་འབྲེལ་གྱི་ས་ཐོག་ཏུ་ཨ་མི་རི་ཀའི་གནམ་དམག་གི་རྟེན་གཞི་ཞིག་ཡོད་པ་དེར་ཨོ་སི་ཊི་རེ་ལི་ཡའི་དམག་༦༠༠་ཐམ་པ་དང་འཐབ་འཛིང་གནམ་གྲུ་༦་འབྱོར་ཡོད་པས། སྲིད་བློན་ཊོ་ཎི་ཨེ་བྷོ་ཊིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། ཨོ་སི་ཊི་རེ་ལི་ཡའི་འཕྲལ་སྒྲུབ་དམག་དཔུང་ཁག་ཅིག་ཨི་རཀ་གི་བྱང་ཕྱོགས་སུ་གཏོང་རྒྱུ་དང་། ཁོང་ཚོས་ཁ་ཆེ་དྲག་སྤྱོད་པ་ཚོར་འཐབ་རྒོལ་བྱེད་བཞིན་པའི་ཨི་རཀ་བྱང་ཕྱོགས་ཀྱི་ས་གནས་ཡུལ་དམག་ལ་དམག་དོན་འཐབ་ཇུས་ཐོག་ཏུ་སློབ་སྟོན་བྱ་རྒྱུ་ཡིན་ཞེས་འགྲེལ་བཤད་བརྒྱབ་ཀྱང་།

མི་མང་ཁག་ཅིག་གིས་ཨོ་སི་ཊེ་རེ་ལི་ཡ་གཏིང་ཐག་མི་ཆོད་པ་དང་ཉོག་འཛིང་ཆེ་བའི་དམག་འཁྲུག་ཅིག་ལ་མཉམ་ཞུགས་བྱེད་ཀྱིན་འདུག་ཅེས་སྲིད་བློན་ཨེ་བྷོ་ཊི་ལ་སྐྱོན་བརྗོད་བྱས་འདུག སྲིད་བློན་ཨེ་བྷོ་ཊིས་ཨོ་སི་ཊེ་རེ་ལི་ཡ་དམག་འཁྲུག་འདིར་མཉམ་ཞུགས་བྱས་ན་རང་གི་རྒྱལ་ཁབ་ལ་བདེ་འཇགས་ཆེ་ཙམ་ཡོང་ག་ཡོད་ཅེས་ལན་འདེབས་བྱས་ཡོད་པ་རེད། མི་གསོད་ཁྲག་སྦྱོར་ལ་རྔམས་པའི་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོ་མགོ་བོ་འབུར་བཅོམ་བྱས་ན་རང་གཞན་ཚང་མར་ཁེ་ཕན་ཡོད། ང་ཚོས་སེམས་ཐག་བཅད་ནས་ཁ་ཆེ་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱ་རྒྱུ་ཡིན། ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོས་འཛམ་གླིང་ལ་ཚུར་རྒོལ་གྱི་དམག་འཁྲུག་བསླངས་ཡོད། ད་ལྟ་དྲག་སྤྱོད་པ་ཚོས་ཨི་རཀ་གི་མི་མང་གཅིག་པུར་གཉའ་གནོན་བྱེད་ཀྱི་ཡོད་པ་ཞིག་མིན། ཁོ་ཚོས་རིག་གནས་དང་དཔལ་ཡོན་ལྡན་པའི་སྤྱི་ཚོགས་ཤིག་རྩ་མེད་གཏོང་བཞིན་ཡོད་ཅེས་བཤད་འདུག

འདས་པའི་བདུན་ཕྲག་གཉིས་ལྷག་གི་རིང་ལ་ཨ་མི་རི་ཀ་དང་ཨ་རབ་རྒྱལ་ཁབ་ཁག་གིས་འཐབ་འཛིང་གནམ་གྲུ་བཏང་ནས་གཏོར་རྒོལ་བྱས་ཏེ། ཨི་རཀ་དང་སི་རི་ཡའི་ས་ཐོག་ཏུ་ཡོད་པའི་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་རྣམས་མཐར་སྐྲོར་གཏོང་གི་ཡོད་པ་དང་། ཨ་མི་རི་ཀས་འགོ་ཁྲིད་པའི་དམག་འཁྲུག་དེར་རྒྱལ་ཁབ་༦༠་ལྷག་མཉམ་ཞུགས་བྱས་ཡོད་ཀྱང་ཡུ་རོབ་རྒྱལ་ཁབ་རྒྱལ་ཁབ་ཁག་གིས་ཨི་རཀ་གི་ས་ཐོག་ཏུ་ཡོད་པའི་ཁ་ཆེ་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱེད་ཀྱི་ཡོད་པ་ལས། ཁོ་ཚོས་སི་རི་ཡའི་ས་ཐོག་ཏུ་ཡོད་པའི་ཁ་ཆེ་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱེད་ཀྱི་མེད་པ་རེད།།

XS
SM
MD
LG