ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༥/༣༡

ཁ་ཆེ་དྲག་སྤྱོད་པ་ཚོས་སི་རི་ཡའི་ས་མཚམས་ཀྱི་གྲོང་རྡལ་ཞིག་ལ་དཔུང་འཇུག


དེང་སྐབས་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོས་སི་རི་ཡ་དང་ཨི་རཀ་གི་ས་གནས་ཁག་ཅིག་ལ་དབང་སྒྱུར་བྱས་ནས་དམག་འཁྲུག་རྒྱག་གི་ཡོད་ཅིང་། ཉིན་ཤས་གོང་ནས་ཁ་ཆེ་དྲག་སྤྱོད་པ་ཚོས་སི་རི་ཡའི་ས་མཚམས་སུ་ཡོད་པའི་ཁོ་བྷ་ཎི་གྲོང་རྡལ་ལ་དཔུང་འཇུག་བྱས་ཏེ། ཁོ་ཚོས་ཀུར་དི་མི་རིགས་གཙོ་བོར་གྱུར་པའི་གྲོང་རྡལ་དེའི་ཡུལ་མི་རྣམས་རྩ་མེད་གཏོང་གི་ཡོད་པ་དང་། དེར་བརྟེན་ཀུར་དི་མི་རིགས་ཀྱི་གྱེན་ལོག་པ་ཚོས་ཏུར་ཀི་གཞུང་གིས་སྔར་བཞིན་ཁ་ཆེ་དྲག་སྤྱོད་པ་ཚོར་ཀུར་དི་མི་རིགས་རྩ་མེད་དང་སྡེབ་གསོད་བྱེད་པའི་དྲག་སྤྱོད་སྤེལ་དུ་བཅུག་ཚེ། ཀུར་དི་མི་རིགས་ཀྱི་གྱེན་ལོག་པ་ཚོས་ཏུར་ཀི་གཞུང་ལ་ཞི་བའི་གྲོས་མོལ་རྒྱུན་འཁྱོངས་བྱ་ཐུབ་ཐབས་མེད་ཅེས་ཉེན་བརྡ་བཏང་སྟེ། ཏུར་ཀིའི་གཞུང་ལ་ཁ་ཆེ་དྲག་སྤྱོད་པ་ཚོར་ནོན་སྡོམ་བྱ་དགོས་པའི་གནོན་ཤུགས་སྤྲོད་ཀྱི་ཡོད་པ་དང་། ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དྲག་སྤྱོད་པ་ཚོས་ཁོ་བྷ་ཎི་གྲོང་རྡལ་གྱི་མཐའ་འཁོར་དུ་གྲོང་གསེབ་བརྒྱ་སྐོར་ཞིག་ལ་དབང་སྒྱུར་བྱས་འདུག ཁ་ཆེའི་དྲག་སྤྱོད་པ་ཚོས་གྲོང་གསེབ་པ་ཚོ་སྐེ་བཅད་ནས་སྡིགས་ར་བསྐུལ་པ་དང་། གྲོང་གསེབ་པ་ཚོར་ཁ་ཆེའི་ཆོས་ལྡན་རྒྱལ་ཁབ་གསར་འཛུགས་པ་ཟེར་པའི་དཔུང་ཚོགས་དེའི་དབང་སྒྱུར་ལ་ངོས་ལེན་བྱེད་དུ་འཇུག་གི་ཡོད་པ་མ་ཟད། དྲག་སྤྱོད་པའི་དམག་དཔུང་གིས་ཕྱོགས་གསུམ་ནས་ཁོ་བྷ་ཎི་གྲོང་གྲོང་རྡལ་ལ་དཔུང་འཇུག་བྱེད་ཀྱི་ཡོད་པ་དང་། བདུན་ཕྲག་སྔོན་མ་ནས་ཨ་མི་རི་ཀས་འགོ་ཁྲིད་པའི་མཐུན་གྲོགས་རྒྱལ་ཁབ་ཁག་གི་གནམ་དམག་གིས་སི་རི་ཡའི་ས་ཐོག་ཏུ་ཡོད་པའི་ཁ་ཆེ་དྲག་སྤྱོད་པའི་བཙན་ས་ཁག་ལ་བར་སྣང་ནས་གཏོར་རྒོལ་བྱ་རྒྱུ་འགོ་ཚུགས་རུང་། ད་དུང་ཡང་ཁ་ཆེ་དྲག་སྤྱོད་པ་ཚོས་ཏུར་ཀི་དང་སི་རི་ཡའི་ས་མཚམས་སུ་ཡོད་པའི་ཁོ་བྷ་ཎི་གྲོང་རྡལ་ལ་དཔུང་འཇུག་བྱ་རྒྱུ་འགོག་ཐུབ་མེད་པ་དང་། ཁ་སང་གཟའ་ལྷག་པའི་ཉིན་ཨ་མི་རི་ཀའི་གནམ་དམག་གིས་ཁོ་བྷ་ཎི་གྲོང་རྡལ་ཉེ་འཁོར་གྱི་ཁ་ཆེ་དྲག་སྤྱོད་པའི་བཙན་ས་ཞིག་ལ་གཏོར་རྒོལ་དྲག་པོ་བྱས་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG