ངོ་འཕྲད་བདེ་བའི་དྲ་འབྲེལ།

འབྲི་རུར་བོད་མི་རྣམས་ལ་དབྱར་སྐྱིད་གཏོང་དགོས་པའི་བཙན་བཀའ་བཏང་བ།


འབྲི་རུ་རྫོང་རྩ་ལ་ཤང་གི་བོད་མི་ཚོར་དབྱར་སྐྱིད་ལ་མ་རོལ་ཚེ་བཙོན་འཇུག་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་ནས་རྒྱ་ནག་གཞུང་གིས་འཇིགས་སྣང་བསྐུལ་བ་དང་བཅས་བཙན་བཀའ་བཏང་འདུག

ཉེ་ཆར་རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་རྩ་ལ་ཤང་དུ་རྒྱ་ནག་གཞུང་གིས་ལས་བྱེད་མངགས་གཏོང་གིས་མི་མང་ལ་འདི་ལོའི་ས་གནས་ཀྱི་དབྱར་སྐྱིད་སྐབས། ས་གནས་གཞན་དུ་ཡོད་པའི་འབྲི་རུ་རྫོང་གི་མི་མང་ཚང་མ་ཕྱིར་ཕ་ཡུལ་དུ་འབོད་འགུག་བྱས་ཏེ་མཉམ་འཛོམས་ཐོག་གླུ་གཞས་འཁྲབ་སྟོན་སོགས་ཀྱི་ལམ་ནས་དབྱར་སྐྱིད་ལ་རོལ་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། དབྱར་སྐྱིད་ནང་མཉམ་ཞུགས་མི་བྱེད་མཁན་རྣམས་ནི་ལོ་རྗེས་མར་ས་གནས་སུ་དབྱར་རྩྭ་དགུན་འབུ་བརྐོ་རྒྱུར་བཀག་འགོག་བྱ་རྒྱུ་དང་། རྩ་ལ་ཤང་གི་དམག་སྒར་དུ་བཙོན་འཇུག་བཀག་ཉར་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སོགས་སྤེལ་རྒྱུ་ཡིན་ཞེས་འཇིགས་སྣང་བསྐུལ་ཡོད།།

ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་རྒྱ་ནག་གཞུང་གིས་བོད་མི་མང་པོ་དམར་གསོད་དང་འཛིན་བཟུང་བྱས་རྗེས། ནག་ཆུ་ས་ཁུལ་འབྲི་རུ་རྫོང་གི་བོད་མི་ཚོས་སྲོལ་རྒྱུན་གྱི་ལོ་གསར་དང་དབྱར་སྐྱིད་གཙོས་དམངས་ཁྲོད་ ཀྱི་ལས་འགུལ་མང་དག་ཅིག་སྤེལ་མཚམས་བཞག་པ་རེད། ཕྱི་ལོ་ ༢༠༡༣ ལོར་རྒྱ་གཞུང་གིས་འབྲི་རུ་ས་གནས་སུ་བཙན་དབང་གིས་དགའ་སྤྲོའི་རྣམ་པ་ཅན་གྱི་བྱ་འགུལ་མང་དག་ཅིག་སྤེལ་བཅུག་ཡོད་ཀྱང་། གནས་རི་གྲགས་ཅན་ནགས་ལྷ་ཛམ་བྷར་གཏེར་ཁ་སྔོག་འདོན་བྱེད་པར་མི་༤༥༠༠་ལྷག་གིས་ངོ་རྒོལ་བྱས་པ་། འབྲི་རུ་མོ་བ་གྲོང་ཚོའི་བོད་མི་རྣམས་ཀྱིས་བཙན་དབང་གིས་རྒྱ་ནག་གི་རྒྱལ་དར་སྒྲེང་འཛུགས་བྱེད་དགོས་པའི་སྲིད་ཇུས་ལ་ངོ་རྒོལ་བྱས་ཏེ་འབྲི་རུ་རྫོང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་བྱས་པ་སོགས་ལ་རྐྱེན་བྱས་ནས། དམག་མི་སྟོང་ཕྲག་མང་པོ་འགྲེམས་འཇོག་གིས་བོད་མི་དམར་གསོད་དང་། འཛིན་བཟུང་ཁྲིམས་ཆད་སོགས་བཏང་སྟེ། བོད་མི་མང་པོ་ཞིག་ད་ལྟའི་ཆར་ཡང་རྒྱ་གཞུང་གི་བཙོན་ཁང་དུ་ལྷག་ཡོད།།

XS
SM
MD
LG