ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

མདོ་སྨད་ཨ་མཆོག་གི་སློབ་ཕྲུག་ཅིག་གིས་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་བ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཕ་ཡུལ་གླེང་སྟེགས་ནང་དུ་མདོ་སྨད་བླ་བྲང་ཕྱོགས་ཀྱི་གཙོད་གྲོང་ཁྱེར་དུ་ཕྱི་ཟླ་དགུ་བའི་ཚེས་༡༧་ཉིན་ཨ་མཆོག་གི་སློབ་ཕྲུག་ཅིག་གིས་རང་ལུས་མེར་སྲེག་གི་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་བ་དང་། ད་ལྟའི་དམ་དྲག་གི་གནས་སྟངས་སོགས་ཀྱི་ཐད་བགྲོ་གླེང་ཞུས་ཡོད།

དེ་ཡང་ཕྱི་ཟླ་དགུ་བའི་ཚེས་༡༧་ཉིན་གྱི་མཚན་མོའི་ཆུ་ཚོད་བཅུ་གཉིས་སྟེང་། ལྷ་མོ་བཀྲ་ཤིས་ལགས་ཀྱིས་ད་ལྟའི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཉེན་རྟོག་ཁང་གི་སྒོ་ཁར་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་སྟེ་སྐུ་གྲོངས་པ་དང་། ཁོང་ནི་རང་ལོ་༢༢་ཡིན་ལ་དེ་གའི་སློབ་འབྲིང་ཞིག་ཏུ་སློབ་གྲྭར་འགྲིམས་བཞིན་པ་རེད། གནས་ཚུལ་བྱུང་མ་ཐག་རྒྱ་གཞུང་ཉེན་རྟོག་པས་ཁོང་བཙན་ཁྱེར་བྱས་པ་དང་། ཚེས་༡༩་ཉིན་ཁོའི་རུས་ཐལ་ནང་མིར་རྩིས་སྤྲོད་བྱས་ཡོད།།

འདས་པོ་ལྷ་མོ་བཀྲ་ཤིས་ལགས་ཀྱི་ཨ་ཞང་བཙན་བྱོལ་སྤྱི་ཚོགས་སུ་ཡོད་པ་ཞིག་གིས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་བརྗོད་དོན་ལ། ལྷ་མོ་བཀྲ་ཤིས་ལགས་ནི་མི་གཉོམ་ཆུང་ཞིག་ཡིན་པ་དང་། ནམ་རྒྱུན་བོད་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་འཁུར་ཆེན་པོ་བྱེད་ཅིང་། བོད་མི་རིགས་ཀྱི་མདུན་ལམ་དང་རྒྱལ་སྤྱིའི་གསར་འགྱུར་ལ་དོ་སྣང་བྱེད་མཁན་ཞིག་ཡིན་ཟེར། རང་ལུས་མེར་སྲེག་གི་ངོ་རྒོལ་འདི་ནི་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱ་གར་དུ་འཚམས་འདྲི་གཟིགས་སྐོར་གནང་བཞིན་པའི་སྐབས་སུ་བྱུང་བ་རེད།།

དེ་བཞིན་དུ་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་དུ་སློབ་གཉེར་གནང་བཞིན་པའི་དགེ་བཤེས་སྐལ་བཟང་ལགས་ནི་ལྷ་མོ་བཀྲ་ཤིས་ལགས་ཀྱི་གཉེན་ཉེ་ཞིག་ཡིན་པ་དང་། ཁོང་གིས་རུས་ཐལ་དེ་ཕ་ཡུལ་ཨ་མཆོག་སྒྲོག་མདོ་སྡེ་བར་གདན་འདྲེན་ཞུས་ནས་ས་གནས་མང་ཚོགས་ཀྱིས་མྱ་ངན་གུས་འདུད་དང་མཆོད་སྨོན་བྱེད་བཞིན་ཡོད་ཟེར། སྐུ་མགྲོན་གཉིས་ཀས་བརྗོད་པ་ལྟར་ན། ཕ་ཡུལ་གྱི་ཕྱོགས་སུ་དམ་དྲག་ཆེ་བས་འབྲེལ་བ་བྱེད་ཁག་པོ་ཡིན་པ་དང་། ད་ལྟའི་གནས་སྟངས་ནི་སེམས་འཚབ་ཆེན་པོ་ཡོད་པ་ཞིག་ཆགས་ཡོད་ཅེས་འདི་ག་ཨ་རིའི་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།། ཕྱི་ལོ་༢༠༠༩་ནས་བཟུང་ཉུང་མཐར་ཡང་བོད་མི་༡༣༡་གིས་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་གནང་བ་རེད།།

XS
SM
MD
LG