ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རི་དང་བྱང་ཀོ་རི་ཡའི་གྲོས་མོལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། གཟའ་ལྷག་པའི་དགོང་མོར་ཨ་རིའི་ཕྱི་སྲིད་དྲུང་ཆེ་མེཀ་ཕོམ་ཕི་འོ་དང་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཀིམ་ཡུང་ཆོལ་གཉིས་ཀྱིས་དུས་ཡུན་ཆུ་ཚོད་གཅིག་དང་ཕྱེད་ཀའི་རིང་ལ་ནེའུ་ཡོཀ་གྲོང་ཁྱེར་དུ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། ཕྱི་ཟླ་༥་ཚེས་༣༡་ཉིན་ཡང་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཀིམ་ཡུང་ཆོལ་གཉིས་ཀྱིས་མུ་མཐུད་དུ་གྲོས་མོལ་བྱས་ཀྱང་ཨ་རི་དང་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་དེ་དག་གིས་གནད་དོན་གང་འདྲ་ཞིག་ལ་གྲོས་མོལ་བྱས་ཡོད་མེད་གསར་འགོད་པ་ཚོར་ཕྱིར་བསྒྲགས་བྱས་མེད་ཅིང་ ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས། ཀོ་རི་ཡའི་གླིང་ཟུར་ཧྲིལ་བོ་རྡུལ་ཕྲན་མཚོན་ཆ་མེད་པའི་བསྟི་གནས་ཤིག་ཏུ་བསྒྱུར་དགོས་པའི་ལངས་ཕྱོགས་ལ་འགྱུར་བ་གཏོང་གི་མེད་ཀྱང་བྱང་ཀོ་རི་ཡས་རང་གི་བདེ་འཇགས་སྲུང་སྐྱོབ་དོན་དུ་རྡུལ་ཕྲན་མཚོན་ཆ་དགོས་ངེས་ཤིག་ཡིན་ཞེས་རྒྱུ་མཚན་བགྲངས། ཕྱི་ཟླ་༥་ཚེས་༣༠་ཉིན་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མི་སྣ་ཚོས་ཨ་མི་རི་ཀ་དང་བྱང་ཀོ་རི་ཡ་གཉིས་མི་མཐུན་པའི་འགལ་ཟླ་ཆེན་པོ་རེད་ཅེས་གནས་ཚུལ་སྤེལ་འདུག ད་ལོའི་ཕྱི་ཟླ་༤་དང་ཟླ་བ་འདིའི་མགོ་སྟོད་བཅས་ཨ་རིའི་ཕྱི་སྲིད་དྲུང་ཆེ་བྱང་ཀོ་རི་ཡར་ཐེངས་གཉིས་ཕེབས་ནས་ཀིམ་ཡུང་ཆོལ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ལ་ཐུག་འཕྲད་གྲོས་མོལ་བྱས་ནས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ལ་སྔོན་འགྲོའི་གྲ་སྒྲིག་བྱས་པར་མ་ཟད། མཐར་ཕྱི་ཟླ་༦་ཚེས་༡༢་ཉིན་ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་སིང་ག་པུར་དུ་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གཉིས་ཐུག་འཕྲད་བྱ་རྒྱུ་གཏན་ལ་ཕབ། དེ་ནས་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་དང་སྲིད་འཛིན་གཞོན་པས་སྔ་རྗེས་སུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆའི་གནད་དོན་ལི་བྷི་ཡའི་དཔེ་སྲོལ་ལྟར་ཐག་གཅོད་བྱ་དགོས་ཞེས་བཤད། བྱང་ཀོ་རི་ཡའི་གཞུང་གིས་ལི་བྷི་ཡ་དང་བྱང་ཀོ་རི་ཡ་གཉིས་བསྡུར་ཐབས་མེད། བྱང་ཀོ་རི་ཡ་རྡུལ་ཕྲན་མཚོན་ཆའི་སྟོབས་ཤུགས་ལྡན་པའི་རྒྱལ་ཁབ་ཅིག་ཡིན། གལ་སྲིད་ཨ་མི་རི་ཀས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་ཞེས་མཐའ་ལ་བཀར་རྒྱུ་ཐལ་དྲགས་ན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཀྱི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱ་སྲིད་ཅེས་སྡིགས་ར་བསྐུལ། དེར་བརྟེན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་བྱང་ཀོ་རི་ཡའི་གཞུང་གིས་སྡང་ཟུག་དགྲར་འཛིན་གྱི་གཏམ་བསྒྲགས་ལན་མང་ཞིག་སྤེལ་སོང་། ད་ལྟའི་དུས་འདིར་ང་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་རྒྱུ་འོས་འཚམས་ཤིག་མ་རེད་ཅེས་སིང་ག་པུར་གྱི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱས་མོད། འོན་ཀྱང་བྱང་ཀོ་རི་ཡའི་གཞུང་གིས་སྲིད་འཛིན་ཌོ་ནལ་ཊོམ་གཅིག་པུས་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱས་པར་བློ་ཕམ་ཡོད། བྱང་ཀོ་རི་ཡར་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་བྱ་འདོད་ཡོད་ཅེས་ཨུ་ཚུགས་བརྒྱབ། ཉེ་ཆར་ལྷོ་བྱང་ཀོ་རི་ཡའི་ཆེས་མཐོའི་འགོ་ཁྲིད་རྣམ་གཉིས་ཀྱང་གློ་བུར་དུ་ཕྱོགས་གཉིས་ཀྱི་ས་མཚམས་སུ་ཐུག་འཕྲད་གྲོས་མོལ་ཐེངས་གཉིས་པ་བྱས་ནས་ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་ཡར་རྒྱས་གཏོང་རྒྱུ་དེར་འགྱུར་བ་མེད་པའི་རྣམ་འགྱུར་བསྟན། ད་ལྟ་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་བྱང་ཀོ་རི་ཡའི་མཐོ་རིམ་ལས་སྣེ་ཚོས་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་གྲོས་མོལ་བྱ་ཐུབ་རྒྱུ་ཡིན་མིན་གྲོས་མོལ་བྱས་ནས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ། ཨ་མི་རི་ཀས་བྱང་ཀོ་རི་ཡར་དཔལ་འབྱོར་རོགས་རམ་དང་འབྲུ་རིགས་སྐྱོབ་གསོ་སྤྲོད་རྒྱུའི་གྲོས་གཞི་བཏོན་རུང་བྱང་ཀོ་རི་ཡའི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན་མིན་ངེས་གཏན་མེད་ཅིང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་ཀིམ་ཡུང་ཆོལ་གཉིས་ཀྱི་གྲོས་མོལ་དེར་གྲུབ་འབྲས་ཡག་པོ་ཞིག་མ་ཐོན་ཚེ། ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་བྱ་ཐུབ་རྒྱུ་ཡིན་མིན་མཐའ་གཅིག་ཏུ་ངེས་གཏན་ཐུབ་ཀྱི་མེད་པ་རེད།།

XS
SM
MD
LG