ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨ་རི་དང་ཀྲུང་ཞིན་བཟོ་ཚོང་ཁང་གི་འབྲེལ་ལམ་བསྐྱར་གསོ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རོ་ཡེ་ཊར་གསར་འགྱུར་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན་རྒྱ་ནག་གི་གློག་འཕྲིན་བཟོ་ཚོང་ཁང་ཆེ་ཤོས་སྟེ། ཀྲུང་ཞིན་བཟོ་ཚོང་ཁང་དང་ཨ་རིའི་དབུས་ཚོང་དོན་ལྷན་ཁང་གཉིས་ཀྱི་ཚོང་དོན་འབྲེལ་ལམ་བསྐྱར་གསོ་བྱ་རྒྱུའི་སྔོན་འགྲོའི་གན་རྒྱ་ཞིག་གཏན་ལ་ཕབ། ཨ་རིའི་གྲོས་ཚོགས་ཀྱི་དམངས་གཙོ་ཚོགས་པའི་འཐུས་མི་ཁག་ཅིག་གིས་གཞུང་གི་ཐག་གཅོད་དེར་ངོ་རྒོལ་བྱེད་ཀྱི་ཡོད་པ་སྟེ། དེ་སྔོན་རྒྱ་ནག་གི་ཀྲུང་ཞིན་གློག་འཕྲིན་བཟོ་ཚོང་ཁང་གིས་ཨ་རི་དང་མཉམ་དུ་བཞག་པའི་ཚོང་ལས་ཀྱི་གན་རྒྱ་ཁག་བརྩི་མེད་བཏང་ནས་བྱང་ཀོ་རི་ཡ་དང་ཨི་རན་ལ་གློག་ཆས་ཀྱི་རིགས་ཚོང་སྒྱུར་བྱས་པས་ཨ་རིའི་དབུས་ཚོང་དོན་ལྷན་ཁང་གིས་ཀྲུང་ཞིན་བཟོ་ཚོང་ཁང་ལ་ཉེས་ཆད་བཅད་ནས་ལོ་བདུན་གྱི་རིང་དུ་ཨ་རིས་བཟོས་པའི་གློག་ཆས་ཀྱི་ལྷུ་ལག་རྣམས་ཉོ་ཚོང་བྱ་རྒྱུ་མཚམས་འཇོག་རྒྱུ་ཡིན་ཞེས་བསྒྲགས། རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་གིས་བཟོ་བཞིན་པའི་ཁ་པར་སོགས་ཀྱི་ལྷུ་ལག་གལ་ཆེ་བ་ཁག་ཅིག་ཨ་རིས་བཟོ་བཞིན་ཡོད་པ་དང་། དེ་སྔོན་ཀྲུང་ཞིན་བཟོ་ཚོང་ཁང་དང་ཨ་རི་གཉིས་ཀྱིས་གན་རྒྱ་བཞག་ཡོད་པ་དེར་ཨ་རིས་དཔལ་འབྱོར་གྱི་ཉེས་ཆད་གཅོད་བཞིན་པའི་རྒྱལ་ཁབ་གཙོ་བོ་ལྔ་སྟེ། བྱང་ཀོ་རི་ཡ་དང་ཨི་རན། སུ་ཏན། སི་རི་ཡ། ཀུ་པ་སོགས་ལ་ཀྲུང་ཞིན་བཟོ་ཚོང་ཁང་གི་ཐོན་སྐྱེད་གློག་ཆས་རྣམས་ཚོང་འགྲེམ་བྱ་རྒྱུ་མིན་པའི་ཁས་ལེན་བྱས་ཡོད་པར་མ་ཟད། ཁས་ལེན་དེ་དག་ལ་འགལ་ན་ཨ་སྒོར་དུང་ཕྱུར་བཅུ་གཅིག་གི་དངུལ་སྒོར་ཆད་པ་འཁུར་རྒྱུ་ཡིན་ཞེས་ཁས་བླངས། བཟོ་ཚོང་ཁང་འདི་ནི་རྒྱ་ནག་ནང་གི་རྒྱལ་སྤྱིའི་ཚོང་རའི་ནང་དུ་སླེབས་ཐུབ་ཀྱི་ཡོད་པའི་བཟོ་ཚོང་ཁང་ཆེ་གྲས་རེ་ཟུང་མ་གཏོགས་མེད་པ་དེ་དག་གི་གྲས་ཀྱི་གཅིག་ཡིན་ཞིང་། ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་དེར་བརྡ་འཕྲིན་ལྷུ་ལག་གལ་ཆེན་རྣམས་བཙོང་རྒྱུ་མིན་པའི་གསལ་བསྒྲགས་སྤེལ་བའི་རྗེས་སུ་ཀྲུང་ཞིན་བཟོ་ཚོང་ཁང་གི་བྱེད་སྒོ་མང་པོ་ཞིག་མཚམས་འཇོག་བྱ་རྒྱུར་གཏན་ཁེལ། ད་ལྟ་ཀྲུང་ཞིན་བཟོ་ཚོང་ཁང་ལ་བཟོ་བ་ཁྲི་བདུན་ཙམ་ཡོད་པ་དེ་དག་གི་ལས་ཀ་འཆོར་རྒྱུ་ཡིན་པའི་དཀའ་ངལ་ཆེན་པོ་ཞིག་འཕྲད། ཉེ་བའི་ཟླ་བ་གཉིས་ཀྱི་རིང་ལ་ཨ་རི་དང་རྒྱ་ནག་དབུས་གཞུང་གི་མཐོ་རིམ་འགོ་ཁྲིད་རིམ་པའི་ཕྱིར་ཚོང་ལ་གྲོས་མོལ་ཐེངས་ཁ་ཤས་བྱས་པའི་རྒྱུད་རིམ་ནང་དུའང་ཨ་རིས་རྒྱ་ནག་གི་ཀྲུང་ཞིན་བཟོ་ཚོང་ཁང་ལ་ཚོང་འབྲེལ་བཅད་པ་ནི་གྲོིས་མོལ་གྱི་བརྗོད་བྱ་གཙོ་བོ་ཞིག་ཏུ་གྱུར། ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་རྒྱ་ནག་གི་ལས་བཟོ་བ་མང་པོ་ཞིག་གི་ལས་ཀ་མི་འཆོར་པའི་ཆེད་དུ་ཨ་རིས་བསྐྱར་དུ་ཀྲུང་ཞིན་བཟོ་ཚོང་ཁང་ལ་ཚོང་འབྲེལ་སླར་གསོ་བྱ་སྲིད་ཅེས་བརྗོད། བདུན་ཕྲག་སྔོན་མའི་གཟའ་མཇུག་ལ་ཀྲུང་ཞིན་བཟོ་ཚོང་ཁང་དང་ཨ་རིའི་ཚོང་འབྲེལ་སླར་གསོ་བྱ་རྒྱུའི་སྔོན་འགྲོའི་གན་རྒྱ་དེར་ཀྲུང་ཞིན་བཟོ་ཚོང་ཁང་གིས་དེ་སྔོན་གན་རྒྱར་འགལ་འཛོལ་བྱས་པའི་ཉེས་ཆད་ལ་ཨ་སྒོར་དུང་ཕྱུར་བཅུ་ཆད་པ་གཅོད་རྒྱུ། ད་ནས་གན་རྒྱ་ལ་འགལ་འཛོལ་མི་འབྱུང་བའི་ཁག་ཐེག་གི་དངུལ་སྒོར་བཅས་ཁྱོན་བསྡོམས་ཀྲུང་ཞིན་བཟོི་ཚོང་ཁང་གིས་ཨ་རིར་ཨ་སྒོར་དུང་ཕྱུར་བཅུ་བདུན་གྱི་ཉེས་ཆད་འཁུར་རྒྱུ་ཡིན་ཞེས་བཤད་འདུག ཨ་རིས་ཀྲུང་ཞིན་བཟོ་ཚོང་ཁང་ལ་ག་དུས་བརྟག་དཔྱད་ཞིབ་འཇུག་བྱེད་འདོད་ཡོད་ཀྱང་བྱེད་ཆོག་པ། ཨ་རིའི་བཟོ་ཚོང་ཁང་ཁག་གིས་ཀྲུང་ཞིན་བཟོི་ཚོང་ཁང་ལ་མཁོ་འདོན་བྱེད་བཞིན་པའི་བརྡ་འཕྲིན་འཕྲུལ་ཆས་ཀྱི་ལྷུ་ལག་ཁག་གསལ་བཤད་ནང་དུ་འཁོད་པ་ལྟར་བེད་སྤྱེད་གཏོང་རྒྱུའི་ཁག་ཐེག་བྱ་རྒྱུ། ཟླ་བ་གཅིག་གི་ནང་ཚུད་དུ་བཟོ་ཚོང་ཁང་གི་འགན་འཛིན་ལྷན་ཚོགས་དང་བདག་གཉེར་དོ་དམ་སྡེ་ཚན་ལ་ལེགས་བཅོས་གཏོང་རྒྱུ་བཅས་གན་རྒྱ་གསར་བའི་སྔོན་འགྲོའི་ནང་དུ་བཀོད། ཡིན་ནའང་ཨ་རིའི་དབུས་ཚོང་ལས་དོན་ལྷན་ཁང་གི་མགྲིན་ཚབ་པས་གན་རྒྱ་འདི་ལ་ད་དུང་ཕྱོགས་གཉིས་ཀྱིས་མིང་རྟགས་འཁོད་མེད་པས་མཐའ་མའི་ཐག་གཅོད་མ་རེད་ཅེས་བཤད། ཨ་རིའི་གྲོས་ཚོགས་ཀྱི་འཐུས་མི་ཁག་ཅིག་གིས་ཀྲུང་ཞིན་བཟོ་ཚོང་ཁང་དང་ཚོང་འབྲེལ་སླར་གསོ་བྱེད་བཞིན་པ་ནི་ཨ་རིའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་ཡོད། འདི་ནི་ནོར་འཁྲུལ་འཚབ་ཆེན་ཞིག་རེད་ཅེས་ངེས་པར་དུ་བཀག་འགོག་བྱ་དགོས་ཟེར་གྱི་ཡོད་ཅིང་། ད་ལྟ་ཀྲུང་ཞིན་བཟོ་ཚོང་ཁང་གི་གནད་དོན་ནི་ཨ་རིའི་གྲོས་ཚོགས་དང་སྲིད་འཛིན་གྱི་འགལ་ཟླ་ཆེན་པོ་ཞིག་ཏུ་གྱུར་ཡོད་པ་རེད།།

XS
SM
MD
LG