ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨི་རན་གྱི་རྡུལ་ཕྲན་གྲོས་མཐུན་སྐྱོབ་ཐབས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨི་རན་གྱི་ཕྱི་སྲིད་བློན་ཆེན་ཛ་རིབ་ཀྱིས་ཡུ་རོབ་མཉམ་འབྲེལ་གྱི་ཕྱི་སྲིད་འགན་འཛིན་ལ་ཐུག་འཕྲད་གྲོས་མོལ་བྱས་པ་དང་། དེ་ནས་ཁོང་གིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་བཅས་ཀྱི་ཕྱི་སྲིད་བློན་ཆེན་གསུམ་ལ་ཐུག་འཕྲད་ཀྱིས་ཉེ་ཆར་ཨ་མི་རི་ཀ་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་ཁོངས་ནས་ཕྱིར་འཐེན་བྱས་ཀྱང་ཨི་རན་དང་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱལ་སྤྱིའི་གྲོས་མཐུན་དེ་སྔར་བཞིན་རྩ་འཛིན་བྱས་ནས་སྐྱོབ་ཐབས་ཡོད་མེད་ལ་གྲོས་སྡུར་བྱ་འཆར་ཡོད་ཅིང་། ༢༠༡༥་ལོར་ཨི་རན་དང་ཨ་མི་རི་ཀ དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་དང་ཨུ་རུ་སུ། རྒྱ་ནག་བཅས་ཀྱིས་ཨི་རན་ལ་དཔལ་འབྱོར་དང་ཚོང་ལས་བཀག་སྡོམ་གྱི་ཉེས་ཆད་བཙན་འགེལ་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་རྒྱུ། ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་མི་ཆོག་ཅེས་གྲོས་མཐུན་ཞིག་ལ་མིང་རྟགས་བཀོད་ཀྱང་གཟའ་འཁོར་སྔོན་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་༢༠༡༥་ལོར་བཞག་པའི་གྲོས་མཐུན་དེས་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆ་བཟོ་རྒྱུ་འགོག་མི་ཐུབ། གྲོས་མཐུན་དེར་ཨི་རན་གྱིས་རྒྱང་འཕེན་མེ་ཤུགས་འཕུར་མདེལ་བཟོ་མི་ཆོག་ཅེས་འཁོད་མེད་པས་ཨ་མི་རི་ཀ་དང་ཨི་རན། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་ཁག་གིས་བསྐྱར་དུ་གྲོས་བསྡུར་བྱས་ནས་གྲོས་མཐུན་གསར་པ་ཞིག་འཇོག་དགོས། ཨ་མི་རི་ཀ་སྲིད་འཛིན་ཨོ་བྷ་མའི་དུས་སུ་བཞག་པའི་རྒྱལ་སྤྱིའི་གྲོས་མཐུན་དེའི་ཁོངས་ནས་ཕྱིར་འཐེན་བྱ་རྒྱུ་ཡིན་ཞེས་ཐག་བཅད། ཨི་རན་གཞུང་གིས་གྲོས་མཐུན་དེར་བསྐྱར་དུ་གྲོས་བསྡུར་བྱེད་པའམ། ཡང་ན་གྲོས་མཐུན་གསར་པ་ཞིག་འཇོག་འདོད་མེད། ཨ་མི་རི་ཀས་ངེས་པར་དུ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་གྲོས་མཐུན་དེར་བརྩི་འཇོག་བྱ་དགོས། ཨི་རན་གྱིས་གྲོས་མཐུན་དེ་ཉིད་རྩ་འཛིན་བྱ་རྒྱུ་ཡིན། ཨ་མི་རི་ཀས་མིང་རྟགས་བཀོད་ཟིན་པའི་གྲོས་མཐུན་ཞིག་ལ་ཌོ་ནལ་ཊོམ་གྱིས་བརྩི་མེད་བཏང་ཚེ། ཕྱིས་སུ་རྒྱལ་སྤྱིའི་ཐོག་ཏུ་ཨ་མི་རི་ཀར་ནམ་ཡང་ཡིད་ཆེས་བྱེད་མི་ཐུབ་པ་དང་ཨ་མི་རི་ཀར་བློ་གཏད་ནས་གྲོས་མཐུན་འཇོག་ཐུབ་རྒྱུ་ཁག་པོ་རེད་ཅེས་སྐྱོན་བརྗོད་བྱས་པ་མ་ཟད། ཧྥ་རན་སི་དང་འཇར་མན་ཎི། དབྱིན་ཇི། ཨུ་རུ་སུ་དང་རྒྱ་ནག་བཅས་ཀྱིས་ཀྱང་ཨ་མི་རི་ཀས་རྒྱལ་སྤྱིའི་གྲོས་མཐུན་དེར་རྩ་འཛིན་བྱ་དགོས། ཁོ་ཚོས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་དེར་རྩ་འཛིན་བྱ་རྒྱུ་ཡིན་ཞེས་ནན་བརྗོད་བྱས་འདུག ཨ་མི་རི་ཀས་ཨི་རན་ལ་ཚོང་འབྲེལ་བཙུགས་ཡོད་པའི་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་ལ་དུས་ཡུན་ཟླ་བ་༦་གི་གོ་སྐབས་ཡོད། ཟླ་བ་༦་གི་ནང་ཚུད་དུ་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་ཁག་གིས་ཨི་རན་ལ་ཚོང་འབྲེལ་བཅད་ནས་ཨ་མི་རི་ཀར་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་འཛིན་པའམ། ཡང་ན་རྒྱལ་སྤྱིའི་བཟོ་ཚོང་ལས་ཁང་དེ་དག་གིས་ཨ་མི་རི་ཀར་དཔལ་འབྱོར་དང་ཚོང་ལས་ཀྱི་འབྲེལ་བ་གཅོད་དགོས། ཁོ་ཚོས་ཨ་མི་རི་ཀའི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་གྱི་ཡོད་པ་མཇུག་བསྡུ་དགོས་ཞེས་གདམ་ཀ་སྤྲད་ཡོད་པ་རེད། ཨི་རན་གཞུང་གིས་རྒྱལ་སྤྱིའི་གྲོས་མཐུན་དེར་མིང་རྟགས་འགོད་མཁན་ཡུ་རོབ་མཉམ་འབྲེལ་གྱི་རྒྱལ་ཁབ་ཁག་ལ་གྲོས་མཐུན་དེ་སྐྱོབ་ཐབས་བྱ་དགོས་པའི་ལས་འགན་ཡོད། གལ་སྲིད་ཡུ་རོབ་རྒྱལ་ཁབ་ཁག་གིས་སོ་སོས་མིང་རྟགས་བཀོད་པའི་གྲོས་མཐུན་དེར་རྩ་འཛིན་མ་བྱས་ན་ཨི་རན་གྱིས་རྡུལ་ཕྲན་མཚོན་ཆའི་རྒྱུ་ཆ་ཡུ་རེ་ནེམ་ཚད་འཛིན་མེད་པར་བཙོ་སྦྱང་བྱ་འཆར་ཡོད་ཅེས་ཉེན་བརྡ་གཏོང་གི་ཡོད་ཅིང་། ཉམས་ཞིབ་པ་ཚོས་༢༠༡༥་ལོར་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཟོ་མི་ཆོག་པའི་རྒྱལ་སྤྱིའི་གྲོས་མཐུན་ཞིག་བཞག་པར་དགེ་མཚན་ཡོད། ཨི་རི་སལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་ལ་ཁོག་པ་བརྒྱངས་ནས་གྲོས་མཐུན་དེར་བརྩི་མེད་གཏོང་དུ་བཅུག་ཡོད། ཨི་སི་རལ་གྱིས་རང་གི་བདེ་སྲུང་སྐྱོབ་དོན་དུ་ཨི་རན་གྱི་དཔལ་འབྱོར་དང་དམག་གི་སྟོབས་ཤུགས་ཡར་རྒྱས་འགྲོ་རྒྱུ་འགོག་ཐབས་བྱེད་ཀྱིན་འདུག་ཅེས་གླེང་སློང་བྱེད་ཀྱི་ཡོད་པ་སྟེ། ཨི་སི་རལ་གྱི་གཞུང་དང་ཨ་མི་རི་ཀའི་འཇིའུ་མི་རིགས་མང་ཆེ་བས་དཀྱིལ་ཤར་ས་ཁུལ་དུ་ཨི་སི་རལ་གྱི་བདེ་འཇགས་ལ་ཉེན་ཀ་ཆེ་ཤོས་འབྱུང་ས་ཨི་རན་ཡིན་ཞེས་ཡོངས་གྲགས་སུ་གླེང་གི་ཡོད་པ་རེད། ༢༠༡༥་ལོའི་གྲོས་མཐུན་རྗེས་སུ་འཇར་མན་ཎི་དང་ཧྥ་རན་སི་གཙོས་ཡུ་རོབ་རྒྱལ་ཁབ་ཁག་གིས་ཨི་རན་གྱི་ས་ཐོག་ཏུ་མ་རྩ་བཙུགས་ནས་ཚོང་ལས་གཉེར་འགོ་ཚུགས། ༢༠༡༧་ལོར་འཇར་མན་ཎི་གཅིག་པུས་ཨི་རན་ལ་ཨ་སྒོར་ཐེར་འབུམ་༣་ལྷག་གི་དངོས་ཟོག་ཕྱིར་ཚོང་དང་ཧྥ་རན་སིའི་བཟོ་ཚོང་ལས་ཁང་ཁག་གིས་ཀྱང་ཨི་རན་ལ་ཨ་སྒོར་ཐེར་འབུམ་༡་དང་ཕྱེད་ཀ་ལྷག་གི་དངོས་ཟོག་ཕྱིར་ཚོང་བྱས་འདུག ཡུ་རོབ་རྒྱལ་ཁབ་ཁག་གིས་ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་བྱེད་པའི་རྒྱལ་སྤྱིའི་གྲོས་མཐུན་དེ་སྐྱོབ་ཐབས་བྱ་རྒྱུ་རྒྱལ་ཁབ་དེ་དག་གི་ཚོང་ལས་ལ་ཐད་ཀར་འབྲེལ་བ་ཆགས་ཡོད། ཨི་རན་གྱི་ཕྱི་སྲིད་བློན་ཆེན་གྱིས་དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་བཅས་ཀྱི་ཕྱི་སྲིད་བློན་ཆེན་རྣམས་ལ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཨུ་རུ་སུ་དང་རྒྱ་ནག་ལ་ཕེབས་ཏེ། ཁོང་གིས་ཨུ་རུ་སུ་དང་རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁག་ལ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་དང་། ཨི་རན་གྱི་རྡུལ་ཕྲན་མཚོན་ཆ་བཀག་སྡོམ་གྱི་གྲོས་མཐུན་དེར་ཨ་མི་རི་ཀ་དང་ཨི་རན། དབྱིན་ཇི་དང་ཧྥ་རན་སི། འཇར་མན་ཎི་དང་ཨུ་རུ་སུ། རྒྱ་ནག་བཅས་ཀྱིས་མིང་རྟགས་བཀོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་བདེ་འཇགས་ལས་འཛིན་ལྷན་ཁང་གིས་ཀྱང་གྲོས་མཐུན་དེར་རྒྱབ་སྐྱོར་བྱས་ཡོད་པ་རེད།།

XS
SM
MD
LG