ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨབ་ཏབ་ཀརྨ་སིང་ཕུ་རེ་ཝྭེལ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། ཨབ་ཏབ་ཀརྨ་སིང་ཕུ་རེ་ཝྭེལ་ནི་ཨ་ཕ་རྒྱ་གར་བ་སིག་རྒྱ་བོ་ཞིག་དང་ཨ་མ་བོད་པ་ཞིག་གི་བུ་ཕྲུག་ཡིན་ཞིང་། ཁོང་ད་ལོའི་ཕྱི་ཟླ་༡༡་པའི་ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱས་ཏེ་ཨ་རིའི་ཨོ་ཧ་ཡེ་འོ་མངའ་སྡེའི་འོས་འདེམས་ས་ཁུལ་ཞིག་གི་དམངས་གཙོ་ཚོགས་པའི་འོས་མིར་འགྲན་ཟླ་མེད་པར་འདེམས་ཐོན་བྱུང་འདུག དེར་བརྟེན་ད་ལོའི་ཕྱི་ཟླ་༡༡་པའི་འོས་འདེམས་དངོས་གཞིའི་སྐབས་སུ་ཨབ་ཏབ་ཀརྨ་སིང་ཕུ་རེ་ཝྭེལ་གྱིས་ཐེངས་༡༡་ལ་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་པའི་སྤྱི་མཐུན་ཚོགས་པའི་གྲོས་ཚོགས་འཐུས་མི་ལས་ཐོག་དེར་ཁ་གཏད་བཅགས་ནས་འགྲན་བསྡུར་བྱ་དགོས་པ་དང་། ལོ་ན་༣༥་ལ་སོན་པའི་དམངས་གཙོ་ཚོགས་པའི་འོས་མི་ཨབ་ཏབ་ཀྱིས་ང་ནི་ཨ་རིའི་བོད་པའི་ནང་དུ་ཨ་མི་རི་ཀའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱེད་མཁན་ཨང་དང་པོ་ཡིན། ངའི་ལོ་རྒྱུས་ནི་འབྱུང་དཀོན་པའི་ཨ་མི་རི་ཀའི་ལོ་རྒྱུས་ཤིག་ཡིན་པ་སྟེ། ང་ནི་སྐྱབས་བཅོལ་བ་ཞིག་གི་བུ་ཕྲུག་ཡིན། ངའི་ཨ་མ་བོད་དུ་སྐྱེས་ཀྱང་ཨ་མ་དང་ཨ་མྱེས། རྨོ་མོ་རྣམས་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་ཐུག་ཅིང་། ངའི་ཨ་མྱེས་དང་རྨོ་མོ། ཨ་མ་རྣམས་ཧི་མ་ལ་ཡའི་གངས་རི་བརྒལ་ནས་བལ་ཡུལ་དང་དེ་ནས་རྒྱ་གར་ལ་འབྱོར་པ་ཞིག་རེད། ཐོག་མར་ངའི་ཨ་མས་རྒྱ་གར་ལྷོ་ཕྱོགས་ཀྱི་མེ་སོར་གྲོང་ཁྱེར་དང་དེ་ནས་ལྡི་ལི་གསར་པར་སློབ་སྦྱོང་བྱས་དུས་ངའི་ཨ་ཕ་སིག་རྒྱ་བོ་དེར་ཁ་ཐུག་འདུག ངའི་ཨ་ཕའི་ཕྱོགས་ཀྱི་མི་རྒྱུད་ནི་རྒྱ་གར་གྱི་དམག་ཡིན། ༡༩༨༢་ལོར་ངའི་ཕ་མ་གཉིས་ཨ་རིར་གནས་སྤོར་བྱས་ནས་ཨོ་ཧ་ཡེ་འོ་མངའ་སྡེར་གཞིས་ཆགས། ང་ལ་དམངས་གཙོ་ཚོགས་པའི་ནང་ཁུལ་དུ་ཁ་གཏད་པ་མ་བྱུང་བ་དེར་ཡ་མཚན་སྐྱེས་སོང་། ངའི་མི་རྒྱུད་བོད་པ་དང་རྒྱ་གར་བ། ཨ་མི་རི་ཀ་བཅས་ཡིན་པར་ང་རང་སྤོབས་པ་ཡོད། ང་ཚོའི་ས་གནས་ཀྱི་བོད་པ་ཚོས་ཀྱང་ང་ལ་དགའ་མོས་ཆེན་པོ་བྱེད་ཀྱི་ཡོད་པ་མ་ཟད། ང་སྤྱི་ཚོགས་འབྲེལ་མཐུད་དྲྭ་རྒྱ་བརྒྱུད་ནས་ཨ་རིའི་རྒྱལ་ཡོངས་ཀྱི་བོད་པའི་ཚོགས་སྡེ་ཁག་ལ་འབྲེལ་བ་ཡོད། བོད་པ་ཨ་རི་བ་ཞིག་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱེད་ཀྱི་ཡོད་པ་མཐོང་དུས་ཨ་རིའི་བོད་པ་ཚོར་སེམས་ཤུགས་འཕར་གྱིན་འདུག ཨ་རིའི་བོད་པ་ཚོས་ང་ལ་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱིན་འདུག་ཅེས་བཤད་ཡོད་པ་དང་། ༡༩༩༣་ལོ་ཨབ་ཏབ་ལོ་༡༣་ཐོག་ཏུ་བོད་ཀྱི་རྒྱལ་ས་ལྷ་སར་ཕེབས་དུས་བོད་ཀྱི་གནས་སྟངས་ཡ་ང་བ་དེ་དངོས་སུ་མཐོང་ཞིང་། ཁོང་གིས་བོད་པ་ཚོས་རང་གི་རིག་གཞུང་གཅེས་འཛིན་བྱ་རྒྱུ་ཡང་ཁག་པོ་འདུག ང་ཨ་རིའི་གྲོས་ཚོགས་འཐུས་མིའི་འོས་འདེམས་ལ་འགྲན་ཞུགས་བྱས་ནས་བོད་པ་ཚོར་མདུན་ལམ་བཟང་པོ་ཞིག་འཐོབ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསར་འགོད་པ་ལ་ལན་འདེབས་བྱས་འདུག

XS
SM
MD
LG