ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་ནག་གི་འཆར་ལྡན་བུ་སྐྱེས་མེད་པར་གཏོང་སྲིད།


༄༅།། རྒྱ་ནག་གཞུང་གིས་མི་འབོར་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པར་སྐྱེས་སྒོ་འགོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ནས་ལོ་བཅུ་ཕྲག་བཞི་ཡས་མས་ཤིག་འདས། ༢༠༡༥་ནས་རྒྱ་ནག་གཞུང་གིས་བཟའ་ཚང་རེར་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་ཐག་གཅོད་བྱས་ཀྱང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ལ་ཁྱད་པར་ཆེན་པོ་ཐོན་མེད་པས་རྒྱ་ནག་གཞུང་གིས་སྐྱེས་སྒོ་འགོག་པའི་སྲིད་ཇུས་དེ་ཉིད་རྦད་དེ་ལག་ལེན་བསྟར་རྒྱུ་མཚམས་འཇོག་བྱ་དགོས་པའི་བསམ་གཞིག་བྱེད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག གལ་སྲིད་རྒྱ་ནག་གཞུང་གིས་ལོ་རབས་༧༠་ནང་དུ་འགོ་བཙུགས་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་མེད་པར་བཏང་ན་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ལ་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་འགྱུར་ལྡོག་ཆེན་པོ་ཞིག་ཐེབས་སྲིད་པ་སྟེ། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་འོག་ཏུ་འགྲོ་བ་མི་གྲངས་ལས་འདས་པ་ཞིག་སྐྱེ་མ་ཆོག་པ་དང་ཨ་མའི་མངལ་དུ་ཆགས་པའི་འགྲོ་བ་མི་གྲངས་ལས་འདས་པ་ཞིག་དམར་གསོད་བྱེད་པ། རྒྱ་ནག་གི་སྲོལ་རྒྱུན་ལྟ་བར་ཁྱིམ་ཚང་གི་རྒྱུད་པ་འཛིན་པར་ཕྲུ་གུ་བུ་མོ་ལས་བུ་ལ་ཆེ་མཐོང་སྤྲོད་ཀྱི་ཡོད་པ་རྣམས་མཚམས་ཆད་རྒྱུ་དང་། ལྷག་པར་དུ་རྒྱ་ནག་གི་སྤྱི་ཚོགས་སུ་ཕོ་མོ་གཉིས་དོ་མཉམ་མེད་པར་སྐྱེས་པ་ས་ཡ་འགའ་ཞིག་ལ་ཆུང་མ་འཚོལ་ས་མེད་པར་ཕོ་ཧྲེང་དུ་ལུས་ཡོད་པའི་དཀའ་ངལ་སེལ་ཐུབ་པའི་རེ་བ་ཡོད་སྲིད། རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་མེད་པར་གཏོང་དགོས་མིན་གྱི་གྲོས་བསྡུར་ལ་འབྲེལ་བ་ཡོད་པའི་མཐོ་རིམ་ལས་སྣེ་ཞིག་གི་གསར་འགོད་པར་གསང་གཏམ་བཤད་པ་ལྟར་ན་རྒྱ་ནག་གི་རྒན་རྒོན་གྱི་མི་འབོར་དང་ན་གཞོན་གྱི་མི་འབོར་གཉིས་ལ་མང་ཉུང་ཤོར་ནས་ནམ་ཞིག་རྒྱ་ནག་གི་ན་གཞོན་མི་རབས་དེས་རྒན་རབས་པ་རྣམས་གསོ་མི་ཐུབ་པ་དང་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་ཁག་གིས་ཁ་མི་ཐོན་པ། རྒྱལ་སྤྱིའི་ཐོག་ཏུ་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་སྐྱོན་བརྗོད་དྲག་པོ་ཕོག་གི་ཡོད་པ་བཅས་ཕྱོགས་མང་པོ་ཞིག་ལ་བསམ་བློ་བཏང་ནས་རྒྱ་ནག་གཞུང་གིས་༢༠༡༩་ཡས་མས་སུ་ཕྲུ་གུ་ཅི་ཙམ་སྐྱེ་རྒྱུ་ཡིན་མིན་མི་དམངས་ལ་རང་དབང་སྟེར་རྒྱུའི་གྲོས་བསྡུར་བྱས་སོང་ཞེས་བཤད་ཡོད་ཅིང་། རྒྱ་ནག་གི་མཐོ་རིམ་གཞུང་འབྲེལ་མི་སྣ་གཞན་ཞིག་གིས་ཀྱང་རྒྱ་ནག་གི་འགོ་ཁྲིད་ཚོའི་ནང་ཁུལ་དུ་གྲོས་བསྡུར་དེ་འདྲ་ཞིག་བྱས་པ་བདེན་པ་རེད་ཅེས་གསར་འགོད་པར་ནང་ཁུལ་གྱི་གསང་གཏམ་བྱས་འདུག དེང་སྐབས་རྒྱ་ནག་གི་སྤྱི་ཚོགས་སུ་སྐྱེས་པ་དང་བུད་མེད་གཉིས་ཆ་མཉམ་མེད་པའི་ཁྱད་པར་མི་གྲངས་ས་ཡ་༣༠་ཐམ་པ་ལོངས་བས་རྒྱ་ནག་གི་སྐྱེས་པ་ས་ཡ་༣༠་ཐམ་པར་ཆུང་མ་འཚོལ་ས་མེད་པའི་དཀའ་ངལ་འཕྲད་ཡོད། ད་དུང་རྒྱ་ནག་གི་སྤྱི་ཚོགས་སུ་རྒན་རྒོན་གྱི་མི་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་པ་དང་༢༠༡༧་ལོར་རྒྱ་ནག་རྒྱལ་ཡོངས་ཀྱི་མི་འབོར་འཕེལ་རྒྱས་ཀྱི་གྲངས་ཚད་བརྒྱ་ཆ་༣་དང་ཕྱེད་མར་ཆག་སྟེ་མི་གྲངས་ཡ་ས་༡༧་དང་འབུམ་གཉིས་སྐྱེ་རྒྱུ་ཉུང་དུ་སོང་ཡོད་པས་རྒྱ་ནག་གི་མི་འབོར་གྲས་སུ་ན་གཞོན་ཕོ་མོ་གཉིས་དོ་མཉམ་མེད་པ་ཁ་གསབ་བྱེད་ཐུབ་ཀྱི་མེད་པ་ཛ་དྲག་ཅན་ཞིག་ཏུ་གྱུར། ཟླ་བ་སྔོན་མར་རྒྱ་ནག་གི་ཉམས་ཞིབ་པ་ཚོས་སྲིད་བློན་ལི་ཁེ་ཆང་ལ་རྒྱ་ནག་གི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་མེད་པར་བཏང་ན་དགེ་མཚན་གང་འཚམ་ཞིག་ཡོད་པའི་སྙན་ཞུ་ཕུལ་ཏེ། སྲིད་བློན་ལི་ཁེ་ཆང་གིས་གནད་དོན་འདིར་མུ་མཐུད་དུ་ཞིབ་འཇུག་གཟབ་ནན་བྱ་དགོས་པའི་ནན་བརྗོད་བྱས་པའི་གནས་ཚུལ་ཐོན་འདུག རྒྱ་ནག་གི་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་བཅས་ཀྱིས་གསར་འགྱུར་འདི་བདེན་རྫུན་ཅི་ཡིན་འགྲེལ་བཤད་གང་ཡང་བརྒྱབ་མེད། རྒྱ་ནག་གཞུང་གིས་ཕྲུ་གུ་གཉིས་རེ་སྐྱེ་ཆོག་པའི་སྲིད་ཇུས་ཤིག་ལག་ལེན་བསྟར་ཀྱང་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཀྱི་གྲངས་འབོར་བརྒྱ་ཆ་༣་དང་ཕྱེད་ཀ་ཉུང་དུ་སོང་བ་རྒྱ་ནག་གི་འགོ་ཁྲིད་ཚོ་བློ་འཚབ་འབྱུང་ས་གཙོ་བ་ཞིག་ཡིན་པ་སྟེ། སྲིད་འཛིན་ཞིས་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་དཔལ་འབྱོར་གོང་འཕེལ་དང་མི་དམངས་ལ་རྒས་ཕོགས་ཀྱི་མཐུན་རྐྱེན་ཇེ་ལེགས། སྨན་བཅོས་དང་འཕྲོད་བསྟེན་ལྟ་སྐྱོང་གི་མཐུན་རྐྱེན་ཡར་རྒྱས་གཏོང་རྒྱུའི་དམིགས་ཚད་བཟུང་ཡོད་པའི་སྲིད་ཇུས་ཁག་མངོན་དུ་འགྱུར་མི་ཐུབ་པ་མ་ཟད། ༢༠༡༠་ལོར་རྒྱ་ནག་གི་མི་འབོར་ཁོངས་སུ་ལོ་ན་༦༠་ཡན་ཆད་བརྒལ་བའི་མི་གྲངས་བརྒྱ་ཆ་༡༣་ལས་མེད་ཀྱང་༢༠༣༠་ནས་རྒྱ་ནག་གི་མི་འབོར་བཞི་ཆའི་གཅིག་ལོ་ན་༦༠་ཡན་ཆད་བརྒལ་རྒྱུ་ཡིན་པས་ཞིས་ཅིན་ཕིང་གིས་༢༠༣༥་ལོར་རྒྱ་ནག་དེང་རབས་ཅན་གྱི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུའི་དམིགས་ཡུལ་འཆང་ཡོད་པ་མི་འབོར་འཕེལ་གྲིབ་ཀྱི་དབང་གིས་འགྲུབ་དཀའ་ཞིང་། ད་ལོའི་ཕྱི་ཟླ་༣་པ་ནས་རྒྱ་ནག་གི་འཕྲོད་བསྟེན་ལྷན་ཁང་གི་གཞུང་འབྲེལ་ཡིག་ཆའི་ནང་དུ་འཆར་ལྡན་བུ་སྐྱེས་ཞེས་པའི་ཐ་སྙད་ནག་སུབ་བྱས་འདུག སྲིད་འཛིན་ཞིས་ཅིན་ཕིང་དང་སྲིད་བློན་ལི་ཁེ་ཆང་གཉིས་ཀས་སྔ་ལོའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༩་པའམ། ཡང་ན་ཁ་སྔོན་ཕྱི་ཟླ་༣་པའི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ལོ་འཁོར་ཚོགས་ཆེན་དུས་སུའང་འཆར་ལྡན་བུ་སྐྱེས་ཞེས་ཚོགས་ཆེན་གྱི་གཏམ་བཤད་ཁག་ཏུ་གླེང་མེད། རྒྱ་ནག་གི་དཔལ་འབྱོར་སྒྱུར་བཅོས་དང་ཕྱི་ལ་སྒོ་མོ་ཕྱེ་ནས་མི་དམངས་ཀྱི་འཚོ་བ་ཡར་རྒྱས་དང་རྒྱ་ནག་མི་དམངས་ཀྱི་ཐོས་རྒྱ་དང་མཐོང་རྒྱ་ཆེ་རུ་སོང་བའི་དགེ་མཚན་བྱུང་མོད། འོན་ཀྱང་རྒྱ་ནག་གི་སྤྱི་ཚོགས་སུ་ཕ་མ་ཚོས་རང་གི་དཔལ་འབྱོར་དང་དུས་ཚོད། ལུས་སེམས་ཀྱི་དམིགས་པ་གཏོད་ས་ཕྲུ་གུ་གཅིག་གི་སྟེང་དུ་བསྟིམས་པའི་གོམས་གཤིས་ཤིག་འཇགས་ཟིན། ད་དུང་རྒྱ་ནག་གི་སློབ་ཆེན་ཁག་ཏུ་ཕྲུ་གུའི་སློབ་ཡོན་ལོ་རེ་བཞིན་ཇེ་མཐོར་འགྲོ་བའི་སྟབས་ཀྱིས་རྒྱ་ནག་གི་ཕ་མ་ཕལ་ཆེ་བར་ཕྲུ་གུ་གཅིག་ལས་སྐྱེ་འདོད་མེད་པ་རེད།།

XS
SM
MD
LG