ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གིས་ཐེ་ཝན་ནག་སུབ་གཏོང་ཐབས།


༄༅།། རྒྱ་ནག་གིས་དཔལ་འབྱོར་གྱི་སྟོབས་ཤུགས་དང་ཕྱི་འབྲེལ་གྱི་གནོན་ཤུགས་བརྒྱུད་ནས་རྒྱལ་སྤྱིའི་སྤྱི་ཚོགས་སུ་ཐེ་ཝན་ཞེས་པའི་མིང་དེ་ནག་སུབ་གཏོང་ཐབས་བྱེད་ཀྱིན་ཡོད་པར་ནུས་པ་གང་འཚམ་ཞིག་འཐོན་གྱི་ཡོད་པའི་རྣམ་པ་ཞིག་མངོན་ཡོད། འོན་ཀྱང་རྒྱ་ནག་གིས་ཐེ་ཝན་ལ་བཙན་དྲག་གི་སྲིད་ཇུས་ལག་ལེན་བསྟར་ཚད་ཅི་ཙམ་ཤུགས་ཆེ་རུ་བཏང་ན་མི་འབོར་ས་ཡ་༢༣་ཡོད་པའི་ཐེ་ཝན་མི་དམངས་རྣམས་དེ་ཙམ་གྱིས་རྒྱ་ནག་ལ་མི་དགའ་བའི་སྡང་ཟུག་ཆེ་རུ་སོང་སྟེ། མཐར་རྒྱ་ནག་སྐམ་ས་ཆེན་མོ་དང་ཐེ་ཝན་གཉིས་གཅིག་གྱུར་བྱ་དགོས་པའི་ཕུགས་བསམ་འགྲུབ་རྒྱུ་སྔར་ལས་རྒྱང་ཐག་རིང་དུ་འགྲོ་རྒྱུ་མིན་ནམ། ཁ་སང་གཟའ་ཕུར་བུའི་ཉིན་རྒྱ་ནག་གིས་ཨ་ཧྥི་རི་ཀའི་ནུབ་ཕྱོགས་རྒྱལ་ཁབ་བྷར་ཀི་ན་ཧྥ་སོར་དཔལ་འབྱོར་རོགས་རམ་སྤྲད་ནས་ཐེ་ཝན་གྱི་ཕྱི་འབྲེལ་གཅོད་དུ་བཅུག་ཅིང་། ད་ལོ་རྒྱ་ནག་གིས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་ལ་ཐེ་ཝན་གྱི་སྐུ་ཚབ་ཟུར་ཉན་པའི་གནས་བབ་ཐོག་ཏུའང་མཉམ་ཞུགས་བྱེད་དུ་བཅུག་མེད་པར་མ་ཟད། ཐེ་ཝན་གྱི་གསར་འགོད་པ་རྣམས་ཀྱང་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་ལོ་འཁོར་ཚོགས་ཆེན་དུས་སུ་གསར་འགྱུར་འགོད་དུ་ཡོང་མི་ཆོག་པའི་བཀག་འགོག་བྱས་པ་དང་། འདས་པའི་ལོ་མང་རིང་རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་རྣམས་རང་ཕྱོགས་སུ་བཀུག་ནས་ཐེ་ཝན་འཛམ་གླིང་འདིར་གྲོགས་མེད་ཁེར་རྐྱང་དུ་འཇོག་རྒྱུའི་སྲིད་ཇུས་ཤིག་ལག་ལེན་བསྟར། ཡིན་ནའང་༢༠༡༦་ལོར་ཐེ་ཝན་གྱི་དམངས་གཙོ་ཡར་ཐོན་ཚོགས་པའི་སྲིད་འཛིན་འོས་མི་ཚཱེ་དབྱིན་ཝེན་ལ་སྲིད་འཛིན་འོས་འདེམས་ཀྱི་རྒྱལ་ཁ་ཐོབ་ནས་བཟུང་། རྒྱ་ནག་གཞུང་གིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པའི་རྒྱལ་ཁབ་ཁག་ལ་དཔལ་འབྱོར་རོགས་རམ་སྤྲོད་རྒྱུ་མང་དུ་བཏང་བ་དང་རྒྱལ་སྤྱིའི་སྒྲིག་འཛུགས་ཁག་གི་རེའུ་མིག་ནང་དུ་ཐེ་ཝན་ཞེས་འཁོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་བསྒྱུར་དགོས་པའི་གཞོན་ཤུགས་སྤྲོད་རྒྱུ་ཆེ་རུང་བཏང་འདུག དཔེར་ན་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་༣༦་གི་རང་རང་དྲྭ་རྒྱའི་རེའུ་མིག་ནང་དུ་ཐེ་ཝན་ཞེས་འཁོད་ཡོད་པ་རྣམས་རྒྱ་ནག་གི་ཐེ་ཝན་ཞེས་སྒྱུར་དུ་བཅུག་ཅིང་། རྒྱ་ནག་གིས་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་ལ་བཙན་བཀའ་བཏང་བར་ཨ་མི་རི་ཀའི་གཞུང་གིས་སྐྱོན་བརྗོད་བྱས་ཀྱང་རྒྱ་ནག་ལ་ཚོང་ལས་གཉེར་བཞིན་པའི་རྒྱལ་སྤྱིའི་མཁའ་ལམ་ལས་ཁུངས་ཁག་གིས་རྒྱ་ནག་གི་བཙན་བཀའ་དེར་བསྟུན་དགོས་བྱུང་ཡོད། གཟའ་འཁོར་སྔོན་མར་ཨ་རིའི་གྷེབ་གྱོན་གོས་ཚོང་ཁང་གིས་སྟོད་གོས་ཐོག་ཏུ་ཐེ་ཝན་མ་ཚུད་པའི་རྒྱ་ནག་གི་ས་བཀྲ་ཞིག་དཔར་པར་རྒྱ་ནག་གཞུང་གིས་ཁ་རྡུང་དྲག་པོ་བཏང་བས་གྷེབ་གྱོན་གོས་ཚོང་ཁང་གིས་རྒྱ་ནག་ལ་བཟོད་གསོལ་ཞུ་དགོས་བྱུང་འདུག ད་ལྟ་ལོ་ན་༩༦་ལ་སོན་པའི་ཐེ་ཝན་གྱི་སྲིད་འཛིན་ཟུར་པ་ལི་ཏིང་ཧུས་རྒྱ་ནག་གིས་ཐེ་ཝན་ལ་འཛིན་པའི་དམིགས་ཡུལ་ལ་ནམ་ཡང་འགྱུར་བ་ཐེབས་མེད། རྒྱ་ནག་གི་དམིགས་ཡུལ་དེ་ཐེ་ཝན་ཁྱུར་མིད་གཏོང་རྒྱུ་དང་ཐེ་ཝན་གྱི་དམངས་གཙོ་རྨེག་མེད་གཏོང་རྒྱུ། ཐེ་ཝན་དང་རྒྱ་ནག་གཉིས་གཅིག་གྱུར་བྱ་རྒྱུའི་དམིགས་ཡུལ་ཡིན། དེར་བརྟེན་ཐེ་ཝན་གྱི་འགོ་ཁྲིད་ཚོས་རང་གི་མཚོ་གླིང་ཡུལ་གྲུ་འདིར་ཐེ་ཝན་ཟེར་གྱི་ཡོད་པ་དང་ཀྲུང་ཧྭ་མིན་གོ་ཟེར་གྱི་མེད་ཅེས་མང་མོས་འོས་འདེམས་བྱས་ནས་བདག་དབང་ལེན་པའི་ཕྱོགས་སུ་བསྐྱོད་དགོས། ཐེ་ཝན་གྱི་རང་དབང་དང་དམངས་གཙོར་སྲུང་སྐྱོབ་བྱ་དགོས་ཞེས་ནེའུ་ཡོཀ་དུས་བབ་ཚགས་པར་གྱི་གསར་འགོད་པར་གླེང་མོལ་བྱས་འདུག ཐེ་ཝན་གྱི་ཕྱི་སྲིད་བློན་ཆེན་ཟུར་པ་ཇཱོ་སེབ་ཝུ་ཡིས་ཀྱང་རྒྱ་ནག་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཐེ་ཝན་མི་དམངས་ཀྱི་བློ་སེམས་འགུགས་དགོས་ཞེས་བཤད་ཀྱང་ཐེ་ཝན་ལ་དམག་གིས་སྡིགས་ར་བསྐུལ་དང་རྒྱལ་ཁབ་གཞན་གྱིས་ཐེ་ཝན་ལ་ཕྱི་འབྲེལ་བཙུགས་ཡོད་པ་གཅོད་དུ་འཇུག་གི་ཡོད་པ་དེས་ཐེ་ཝན་མི་དམངས་ཀྱི་བློ་སེམས་འགུགས་མི་ཐུབ་ཅེས་བཤད། རྒྱ་ནག་གིས་ཐེ་ཝན་ལ་གནོན་ཤུགས་སྤྲོད་རྒྱུ་ཤུགས་ཆེ་རུ་བཏང་ན་ཐེ་ཝན་གྱི་སྤྱི་ཚོགས་སུ་རང་ཉིད་རྒྱ་མི་རིགས་མིན། ང་ཚོ་ཐེ་ཝན་པ་ཡིན་ཞེས་མི་རིགས་ཐ་དད་ཀྱི་འདུ་ཤེས་འཛིན་རྒྱུ་ཤུགས་ཆེ་རུ་འགྲོ་ཡི་ཡོད་པ་རེད།།

XS
SM
MD
LG