ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱ་ནག་གཞུང་གིས་ཁ་ཆེ་ཚོའི་བསམ་བློ་སྒྱུར་བཀོད།


༄༅།།རྒྱ་ནག་གཞུང་གིས་ཟླ་ཤས་གོང་ནས་ཞིན་ཅང་གི་ཡུ་གུར་པ་ཁྲི་ཚོ་འགའ་ཞིག་བཀག་ཉར་བྱས་ནས་བསམ་བློ་སྒྱུར་བཀོད་ཀྱི་སློབ་གསོ་གཏོང་བའི་ལས་འགུལ་ཞིག་སྤེལ་འགོ་ཚུགས། རྒྱ་གཞུང་གི་བསམ་བློ་སྒྱུར་བཀོད་ཀྱི་ལས་འགུལ་དེར་ཚུད་པའི་ཨོ་མཱིར་བྷེ་ཀ་ལི་ལྟ་བུར་མཚོན་ན་རང་གི་ཁ་ཆེའི་ཆོས་ལུགས་ཀྱི་ལྟ་གྲུབ་དང་དད་མོས། བསམ་བློའི་འདུ་ཤེས་རྣམས་ཡོངས་སུ་དོར་ནས་རང་གིས་རང་ལ་སྐྱོན་བརྗོད་དང་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་ལེགས་པར་དྲན་དགོས་པ་ཞིག་ཡིན་ཞིང་། བྷེ་ཀ་ལི་ནི་མི་རིགས་ཧ་ས་ཁ་བ་ཞིག་ཡིན་པ་དང་རང་གི་ཆོས་ལུགས་ཀྱི་འདུ་ཤེས་དང་དད་པའི་འདུ་ཤེས་རྣམས་མ་དོར་པའི་སྟབས་ཀྱིས་གྱང་རྩར་བསླངས་ནས་དུས་ཡུན་ཆུ་ཚོད་ལྔ་ཡས་མས་རེར་ལངས་དགོས་ཐུག་ཡོད་པར་མ་ཟད། ཁོ་པ་བདུན་ཕྲག་གཅིག་གི་རྗེས་སུ་བཀར་འཇུག་བྱས་ནས་དུས་ཡུན་ཆུ་ཚོད་༢༤་ལ་བཟའ་བཏུང་བཀག ཉི་མ་ཉི་ཤུའི་རྗེས་སུ་བྷེ་ཀ་ལི་ལ་རང་སྲོག་གཅོད་དགོས་སྙམ་པའི་བསམ་བློ་ཞིག་འཁོར་ཏེ། ཁོ་པས་“རང་གིས་རང་ལ་སྐྱོན་བརྗོད་བྱ་དགོས་དུས་སེམས་ཁམས་ཀྱི་གནོན་ཤུགས་འདི་བཟོད་དཀའ། རང་གི་བསམ་བློ་གཏོང་ཕྱོགས་དང་རང་གི་མི་རིགས་ལ་ཁ་རྡུང་གཏོང་རྒྱུ་ཧ་ཅང་ཁག་པོ་རེད། ངས་ད་དུང་ཡང་དགོང་མོ་ས་ནུབ་ནས་ཞོགས་པར་ཉི་མ་མ་ཤར་བར་དུ་བསམ་བློ་སྒྱུར་བཀོད་ཁང་གི་མནར་གཅོད་རྣམས་བརྗེད་ཐབས་མི་འདུག་”ཅེས་མིག་ཆུ་གཏོང་བཞིན་རྒྱུད་རིམ་དེ་དག་བཀྲལ། རྒྱ་ནག་གཞུང་གིས་བསམ་བློ་སྒྱུར་བཀོད་ཀྱི་ལས་འགུལ་དེ་ཞིན་ཅང་རྒྱལ་ཡོངས་སུ་སྤེལ་པས་ཟླ་སྔོན་མར་ཨ་རིའི་གྲོས་ཚོགས་ཀྱིས་པེ་ཅིང་དུ་བཅའ་སྡོད་ཨ་མི་རི་ཀའི་གཞུང་ཚབ་པ་ཞིན་ཅང་ལ་གཟིགས་ཞིབ་ཏུ་ཕེབས་དགོས་ཞེས་ནན་སྐུལ་བྱས་འདུག བསམ་བློ་སྒྱུར་བཀོད་ཀྱི་ལས་འགུལ་དེའི་དམིགས་ཡུལ་གཙོ་བོ་ནི་ཞིན་ཅང་གི་ཡུ་གུར་པ་ཚོས་རང་གི་ཆོས་ལུགས་ཀྱི་ལྟ་བ་དང་མི་རིགས་ཀྱི་འདུ་ཤེས། རིག་གཞུང་དང་སྐད་ཡིག་ལ་འཆང་བའི་དགའ་ཞེན་གྱི་ལྟ་བ་མཐའ་དག་རྒྱང་དུ་དོར་ནས་ཞིན་ཅང་གི་ཡུ་གུར་པ་ཚོས་རྒྱ་ནག་དམར་ཤོག་ཚོགས་པའི་བཀའ་དྲིན་བསམ་ཤེས་ཐུབ་པ་དང་རྒྱ་ནག་གཞུང་ལ་དགའ་ཞེན། ཞིན་ཅང་གི་ཡུ་གུར་པ་དང་རྒྱ་མི་རིགས་རྣམས་སྤུན་ཟླ་ཡིན་པའི་འདུ་ཤེས་སྐྱེ་རྒྱུ། མདོར་ན་ཡུ་གུར་མི་རིགས་ལ་འདུ་ཤེས་གསར་པ་ཞིག་སྐྱེ་ཐུབ་པའི་ཆེད་དུ་ཡིན་ཞིང་། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་ལས་ཁང་ཁག་གིས་ཡུ་གུར་པ་ཚོར་བསམ་བློའི་སྒྱུར་བཀོད་བྱ་ཡུལ་བཀག་ཉར་ཁང་མང་དག་ཅིག་སྒོ་ཕྱེ་ཡོད་པ་དེ་དག་གི་སྐོར་ལ་གསར་འགྱུར་ཅི་ཡང་སྤེལ་གྱིན་མེད་པ་དང་། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཁ་བྲལ་རིང་ལུགས་དང་འཇིགས་སྐུལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་བཅས་ལ་འཐབ་རྒོལ་བྱ་དགོས་ན་ཡུ་གུར་མི་རིགས་ཀྱི་བསམ་བློའི་འདུ་ཤེས་བསྒྱུར་རྒྱུ་གནད་འགག་ཆེན་པོ་ཞིག་ལ་བརྩིས་འདུག རྒྱ་ནག་གི་བསམ་བློ་སྒྱུར་བཀོད་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་པ་ཅི་ཙམ་བཙོན་འཇུག་བྱེད་ཡོད་མེད་གཞུང་འབྲེལ་གྲངས་འབོར་ཞིག་གསལ་བསྒྲགས་བྱས་མེད་ཀྱང་ཕྱི་རྒྱལ་གྱི་ཡུ་གུར་པའི་ཚོགས་པ་ཁག་གིས་བསམ་བློ་སྒྱུར་བཀོད་བཀག་ཉར་ཁང་དེ་དག་གི་ནང་དུ་ཡུ་གུར་པ་འབུམ་༩་ནས་ས་ཡ་༡་ཡས་མས་ཤིག་བཙོན་འཇུག་བྱས་འདུག་ཟེར་གྱིན་ཡོད་མོད། རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཞིན་ཅང་ན་བསམ་བློ་སྒྱུར་བཀོད་བཀག་ཉར་ཁང་ཡོད་པ་གོ་ཐོས་བྱུང་མྱོང་མེད་ཅེས་གསར་འགོད་པའི་དྲི་བ་ཁག་ལ་ལན་བཏབ། ཟླ་བ་འདིར་རྒྱ་ནག་གི་ཆེས་མཐོའི་ཁྲིམས་འཛིན་པ་ཀྲང་ཅུན་གྱིས་ཞིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལས་སྣེ་ཚོར་མཐའ་ལྷུང་རིང་ལུགས་ལ་འཐབ་རྒོལ་བྱ་རྒྱུ་རྒྱ་བསྐྱེད་དགོས་ཞེས་བཀའ་བཏང་ཡོད་པར་གཞིགས་ཚེ། རྒྱ་ནག་གཞུང་གིས་ཞིན་ཅང་གི་ཡུ་གུར་པ་ཚོར་སློབ་གསོ་བཏང་ནས་བསམ་བློར་སྒྱུར་བཀོད་ཟེར་པའི་ལས་འགུལ་སྤེལ་རྒྱུ་ཤུགས་ཆེ་རུ་གཏོང་སྲིད། རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་འགོ་ཁྲིད་པའི་དམར་ཤོག་ཚོགས་པས་རྒྱ་ནག་གི་སྲོལ་རྒྱུན་གྱི་ལྟ་བ་ཁག་ཅིག་ལ་ཡིད་ཆེས་བྱེད་ཀྱིན་ཡོད་ཅིང་། དཔེར་ན་སློབ་གསོ་བཏང་ནས་བསམ་བློར་སྒྱུར་བཀོད་གཏོང་དགོས་ཟེར་པ་ནི་རྒྱ་ནག་གི་གནའ་བོའི་སྲོལ་རྒྱུན་ཞིག་ཡིན་པས་མའོ་ཙེ་ཏུང་གིས་ཀྱང་རྒྱ་ནག་ལ་ལས་འགུལ་དེ་སྤེལ་ནས་མི་གྲངས་དུང་ཕྱུར་མང་པོར་གདུག་རྩུབ་མྱོང་དུ་བཅུག་མྱོང་ཡོད་པ་རེད།།

XS
SM
MD
LG