ངོ་འཕྲད་བདེ་བའི་དྲ་འབྲེལ།

ཞིས་ཅིན་ཕིང་གི་བློ་འཚབ་ཁག


༄༅།། རྒྱ་ནག་ནི་མི་འབོར་མང་བ་དང་དཔལ་འབྱོར་ཡར་རྒྱས། དམག་གི་སྟོབས་ཤུགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་པས་སྲིད་འཛིན་ཞིས་ཅིན་ཕིང་ལ་བློ་འཚབ་བྱ་དགོས་པ་དང་དོགས་ཟོན་བྱ་དགོས་ས་མང་དག་ཅིག་ཡོད་པ་བརྗོད་མི་དགོས། ཉེ་ཆར་ཤོག་གྲངས་༢༧༢་ཡོད་པའི་རྒྱལ་ཡོངས་བདེ་འཇགས་ཞེས་པའི་དཔེ་དེབ་ཅིག་དཔར་དུ་བསྐྲུན་ཡོད་པ་དེ་ལ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་གིས་བློ་འཚབ་བྱ་དགོས་པ་དང་དོགས་ཟོན་བྱ་དགོས་པ་ཁག་ལ་བརྟག་དཔྱད་བྱས་འདུག དཔེ་དེབ་དེར་ཞིས་ཅིན་ཕིང་གིས་བློ་འཚབ་བྱ་དགོས་ས་གཙོ་བོ་ཞིག་རྒྱ་ནག་ལ་དམག་གི་གྲངས་འབོར་མང་བ་དང་དཔལ་འབྱོར་སྟོབས་ཤུགས་ཆེ་བ། རྒྱ་ནག་གི་དམག་དཔུང་དེང་རབས་ཅན་ལ་བསྒྱུར་ནས་གྲུབ་འབྲས་གང་འཚམ་ཞིག་ཐོན་ཡོད་ཀྱང་རྒྱ་ནག་དམག་དོན་གྱི་འཕྲུལ་རིག་ལག་རྩལ་ཆ་ནས་རྗེས་ལུས་ཡིན་པ་དང་། རྒྱ་ནག་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱི་ཟིལ་ཤུགས་འོག་ནས་ཐར་ཐུབ་ཀྱི་མེད་པ་ཞིས་ཅིན་ཕིང་གི་བློ་འཚབ་ཆེ་ཤོས་རེད། ལྷག་པར་དུ་ཉེ་ཆར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་མི་རི་ཀའི་ཚན་རིག་དང་འཕྲུལ་རིག དམག་དོན་གྱི་བཟོ་ལས་ཁག་ལ་རྒྱ་ནག་གི་བཟོ་ཚོང་ལས་ཁང་ཁག་གིས་མ་རྩ་བཙུགས་ནས་མཉམ་འབྲེལ་བྱེད་མི་ཆོག་ཅེས་ཁྱབ་བསྒྲགས་བྱས་པ་མ་ཟད། རྒྱ་ནག་གི་དངོས་ཟོག་རྣམ་གྲངས་ཧ་ཅང་མང་པོ་ཞིག་ལ་ཨ་མི་རི་ཀས་སྒོ་ཁྲལ་སྤར་རྒྱུའི་ཁྱབ་བསྒྲགས་བྱས་ནས་བཟུང་། རྒྱ་ནག་གི་འགོ་ཁྲིད་ཚོར་སླར་ཡང་ཨ་མི་རི་ཀར་བརྟེན་མི་དགོས་པའི་རང་གི་ཚན་རིག་དང་འཕྲུལ་རིག་ལག་རྩལ་ཞིག་དགོས་པ་དང་རྒྱ་ནག་ལ་རང་མགོ་ཐོན་པའི་དམག་དོན་འཕྲུལ་རིག་ལག་རྩལ་ཞིག་དགོས་ངེས་སུ་གྱུར་ཡོད་པ་ར་སྤྲོད་གསལ་བོ་བྱུང་ཡོད་ཅེས་བཀོད་ཡོད་པ་རེད། དཔེར་ན་༢༠༡༣་ལོའི་ཕྱི་ཟླ་༧་དང་ཕྱི་ཟླ་༨་པར་ཞིས་ཅིན་ཕིང་གིས་གཏམ་བཤད་ཐེངས་གཉིས་བྱས་ཏེ། ནུབ་ཕྱོགས་པ་ཚོས་འཛམ་གླིང་ལ་དབང་སྒྱུར་བྱེད་ཐུབ་ཀྱི་ཡོད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཚན་རིག་དང་འཕྲུལ་རིག་ལག་རྩལ་ལ་ཐུག་ཡོད། དེང་རབས་རྒྱལ་ཁབ་ཅིག་གི་རྣོ་ངར་ལྡན་པའི་མཚོན་ཆ་ནི་ཡར་ཐོན་གྱི་འཕྲུལ་རིག་ལག་རྩལ་ཡིན། ད་བར་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་འཛམ་གླིང་ལ་ཁ་ལོ་སྒྱུར་ཐུབ་པ་རྒྱལ་ཁབ་དེ་དག་གི་འཕྲུལ་རིག་ལག་རྩལ་ཡར་རྒྱས་སོང་ཡོད་པར་ཐུག་ཡོད། ཁོ་ཚོའི་འཕྲུལ་རིག་ལག་རྩལ་ངོ་མ་དེ་དག་ནམ་ཡང་ཉོ་ཚོང་བྱ་མི་ཐུབ། ནུབ་ཕྱོགས་པ་ཚོས་རང་གི་བླ་ན་མེད་པའི་མཚོན་ཆ་རྣོ་ངར་ཅན་རྣམས་ཕྱི་ལ་སྟོན་མི་སྲིད། ཡར་ཐོན་རྒྱལ་ཁབ་ཁག་གི་འཕྲུལ་རིག་ལག་རྩལ་ལ་བསྡུར་ན་ང་ཚོའི་འཕྲུལ་རིག་ལག་རྩལ་རྗེས་ལུས་ཡིན། ང་ཚོས་རང་གི་ཡར་རྒྱས་ཆ་མཉམ་མེད་པའི་འཕྲུལ་རིག་ལག་རྩལ་རྣམས་ཡར་རྒྱས་གཏོང་དགོས། རྒྱ་ནག་༢༠༥༠་ལོར་ཡང་ནུབ་ཕྱོགས་པའི་འཕྲུལ་རིག་ལག་རྩལ་གྱི་ནང་ཉིང་གི་རྗེས་སུ་སྙོབ་དཀའ། ང་ཚོས་ངེས་པར་དུ་ཆ་མཉམ་མེད་པའི་ཞན་ཆ་ཁག་ལ་གོ་རིམ་ལྡན་པའི་སྒོ་ནས་ཞིབ་འཇུག་བྱ་དགོས། ང་ཚོར་རྒྱལ་སྤྱིའི་ཐོག་ཏུ་འཕྲུལ་རིག་ལག་རྩལ་གྱི་ནང་ཉིང་མེད་ན་རྒྱ་ནག་གི་ཆབ་སྲིད་ཀྱི་སྟོབས་ཤུགས་གཏན་ནས་ཡང་རྩེར་སོན་མི་ཐུབ། ང་ཚོས་རང་ཉིད་འགག་ས་དང་ཐོགས་ས་ཁག་ལ་ཞིབ་འཇུག་བྱས་ནས་ཡར་རྒྱས་གཏོང་ཐུབ་པའི་འབད་བརྩོན་བྱ་དགོས། རྒྱ་ནག་གི་དམག་དོན་ཡང་དེ་བཞིན་ཡིན་ཞེས་ནན་བརྗོད་བྱས་འདུག འཛམ་གླིང་ལ་དྲྭ་རྒྱ་དར་ནས་བཟུང་སྟེ་རྒྱ་ནག་གི་སྤྱི་ཚོགས་སུ་བརྡ་འཕྲིན་ལས་རིགས་ཡར་རྒྱས་ཆེན་པོ་ཞིག་སོང་ཡོད། རྒྱ་ནག་གི་འགོ་ཁྲིད་ཚོར་དྲྭ་རྒྱའི་ནང་དུ་རྒྱལ་ཁབ་ཕྱི་ནང་གཉིས་སུ་རྒྱ་ནག་དམར་ཤོག་ཚོགས་པ་མགོ་རྟིང་སློག་དགོས་པའི་ངན་སྐུལ་བྱེད་ཀྱི་ཡོད་པའི་བློ་འཚབ་བྱུང་ཞིང་། ཨ་མི་རི་ཀས་འཛམ་གླིང་ཧྲིལ་བོའི་དྲྭ་རྒྱའི་བརྡ་འཕྲིན་ལ་ལྐོག་ཉན་བྱེད་ཐུབ་པའི་ནུས་པ་ངོས་ཟིན་པའི་རྗེས་སུ་རྒྱ་ནག་གཞུང་གིས་དྲྭ་རྒྱར་དམ་དྲག་བྱ་རྒྱུ་འགོ་ཚུགས། སྲིད་འཛིན་ཞིས་ཅིན་ཕིང་གིས་དྲྭ་རྒྱ་ནི་སྤྱི་དམངས་ཀྱི་བསམ་བློའི་ཁ་ཕྱོགས་སྒྱུར་པའི་དམག་ས་ཆེན་པོ་ཞིག་ཡིན། རྒྱ་ནག་དགྲར་འཛིན་གྱི་ནུབ་ཕྱོགས་པའི་སྲིད་དོན་པ་ཚོས་དུས་དང་རྣམ་པ་ཀུན་ཏུ་དྲྭ་རྒྱ་བརྒྱུད་ནས་རྒྱ་ནག་དམར་ཤོག་གི་སྲིད་དབང་མགོ་རྟིང་སློག་ཐབས་བྱེད་བཞིན་ཡོད། ཁོ་ཚོས་དྲྭ་རྒྱ་བརྒྱུད་ནས་རྒྱ་ནག་དང་དམར་ཤོག་རྒྱལ་ཁབ་ཁག་ཕམ་ཉེས་གཏོང་ཐུབ། རྒྱ་ནག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེས་ནུབ་ཕྱོགས་པ་ཚོར་མགོ་མ་སྒུར་རང་སྒུར་རེད་ཅེས་བཤད་མྱོང་ཡོད། ཨ་མི་རི་ཀའི་དྲྭ་རྒྱའི་ནུས་པ་དང་ལྐོག་ཉན་གྱི་ཁྱབ་ཚད་ང་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་ཞིང་། ང་ཚོར་དྲྭ་རྒྱའི་དམག་འཁྲུག་ནང་དུ་རྒྱལ་ཁ་འཐོབ་ཐུབ་རྒྱུ་ཡིན་མིན་ནི་ང་ཚོར་རྒྱ་ནག་རང་གི་དྲྭ་རྒྱའི་མ་ལག་ཆ་ཚང་ཞིག་ཡོད་མེད་ལ་ཐུག་ཡོད་ཅེས་བཤད་འདུག འདས་པའི་ལོ་ངོ་བཅུ་ཕྲག་གཉིས་ལྷག་ལ་རྒྱ་ནག་གིས་ཨ་སྒོར་ཁྲག་ཁྲིག་མང་པོ་དམག་དོན་ལ་འགྲོ་གྲོན་གཏོང་གི་ཡོད་ཀྱང་༢༠༡༤་ལོར་ཞིས་ཅིན་ཕིང་གིས་ཨ་མི་རི་ཀའི་འཕྲུལ་རིག་ལག་རྩལ་གྱིས་རྒྱ་ནག་གི་དམག་དོན་ལས་རིགས་ཟིལ་གྱིས་གནོན་ཐུབ་ཅེས་བཤད་ཡོད་པ་དང་། ཞིས་ཅིན་ཕིང་གིས་འཛམ་གླིང་འདིར་ཚན་རིག་དང་འཕྲུལ་རིག་གི་དམག་དོན་གསར་བརྗེ་ཞིག་ལངས་ཡོད། འཛམ་གླིང་གི་དམག་དོན་སྟོབས་ཤུགས་འགྲན་སྡུར་ལ་ལོ་རྒྱུས་ཀྱི་འགྱུར་ལྡོག་གསར་པ་ཞིག་ཐེབས་ཏེ་དམག་དོན་ཚན་རིག་དང་འཕྲུལ་རིག་ལག་རྩལ་གྱི་སྣེ་ཁྲིད་པ་ཨ་མི་རི་ཀ་རེད། ང་ཚོས་ཕྱོགས་གང་ནས་བལྟས་ཀྱང་ཨ་མི་རི་ཀར་འཛམ་གླིང་ཡོངས་ལ་གཏོར་རྒོལ་བྱེད་ཐུབ་པའི་ནུས་པ་དང་སྟོབས་ཤུགས་འདུག ཨ་མི་རི་ཀའི་མཚོན་ཆ་ཁག་ཅིག་གཏན་ནས་འགོག་ཐབས་མེད་པས་སྔོན་མའི་སྲོལ་རྒྱུན་གྱི་དམག་དོན་འཐབ་ཇུས་ལ་གཏན་ནས་མི་འདྲ་བ་ཞེས་བཤད་ཡོད་པ་རེད། རྒྱལ་ཡོངས་བདེ་འཇགས་ཞེས་པའི་དཔེ་དེབ་དེར་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་ལ་བློ་འཚབ་འབྱུང་ས་དམག་དོན་དང་ཚན་རིག འཕྲུལ་རིག་ལག་རྩལ་ཁོ་ན་མིན་པར་རྒྱ་ནག་གཞུང་གིས་མ་རྩ་བཙུགས་ནས་བུ་ལོན་འཁོར་ཡོད་པ་དང་གཞུང་གཉེར་ཁེ་ལས་ཁག་ལ་ཕན་ཐོགས་མེད་པར་མ་རྩ་རྡིབ་ཀྱི་ཡོད་པ། རྒྱ་ནག་གི་མ་རྩའི་རྐང་གྲངས་ཚོང་ལས་ལ་ཉེན་ཀ་ཆེ་བ། རྒྱ་ནག་གི་དཔལ་འབྱོར་ལམ་ལུགས་རྩ་བ་བརྟན་པོ་ཞིག་ཚུགས་ཐུབ་མེད་པ་སོགས་ཀྱིས་མ་འོངས་པར་གློ་བུར་དུ་རྒྱ་ནག་ལ་དཀའ་ངལ་གསར་པ་འཕྲད་སྲིད་ཅེས་བསྟན་འདུག ཡང་སྤྱི་ཚོགས་ཀྱི་ཟིང་ཆ་དང་རང་བྱུང་ཁོར་ཡུག་ལ་འབག་བཙོག་ཐེབས་ནས་རྒྱ་ནག་ལ་ཕྱོགས་ཡོངས་ནས་དཀའ་ངལ་ཞིག་འཕྲད་སྲིད། རྒྱ་ནག་གཞུང་གིས་དཔལ་འབྱོར་འཕེལ་རྒྱས་ཁོ་ནའི་ཆེད་དུ་རང་བྱུང་ཁོར་ཡུག་ལ་གཏོར་བཤིག་དང་འབག་བཙོག མི་རབས་རྗེས་མ་རྣམས་འཚོ་ཐབས་མེད་པ་ཞིག་ཏུ་སྒྱུར་བཞིན་འདུག ད་དུང་རྒྱ་ནག་གི་མི་དམངས་དབུལ་ཕྱུག་གཉིས་ཀྱི་ཁྱད་པར་ནི་རྒྱ་ནག་གི་སྤྱི་ཚོགས་ལ་ཟིང་འཁྲུག་ཆེན་པོ་ཞིག་སློང་བའི་རུ་རྩི་ལྟ་བུ་ཞིག་ལ་གྱུར་འདུག་ཅེས་དཔེ་དེབ་དེར་ཞིས་ཅིན་ཕིང་མཚན་ལ་གཉིད་ཁུག་མི་ཐུབ་པའི་བློ་འཚབ་ཡོད་པ་ཁག་ཅིག་བཀོད་ཡོད་པ་རེད།།

XS
SM
MD
LG