ངོ་འཕྲད་བདེ་བའི་དྲ་འབྲེལ།

བྱང་ཀོ་རི་ཡས་ཐོབ་ཐང་ལ་རྡིག་བརྫིས་བཏང་བ་བརྗེད་མེད།


ཨ་རིའི་གཞུང་གི་ཆེད་བརྗོད།

༄༅།། སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་སྲིད་དབང་སྒེར་གཅོད་པ་ཀིམ་ཇུང་ཨིན་གཉིས་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་མཇལ་འཕྲད་གྲོས་མོལ་གནང་སྟེ་ཀོ་རི་ཡའི་གླིང་ཟུར་དེར་རྡུལ་ཕྲན་མཚོན་ཆ་རྩ་མེད་གཏོང་བའི་གྲོས་མོལ་གྱི་སྟ་གོན་བྱེད་བཞིན་ཡོད་ཅིང་། སྲིད་འཛིན་ཊོམ་གྱིས་དམིགས་ཡུལ་འདི་ལེགས་འགྲུབ་བྱུང་ན་འཛམ་གླིང་ཧྲིལ་བོར་གྲུབ་འབྲས་ཆེན་པོ་ཞིག་ཡིན། ཨ་རིའི་གཞུང་གིས་བྱང་ཀོ་རི་ཡས་རྡུལ་ཕྲན་མཚོན་ཆའི་ལས་གཞི་མཇུག་བསྒྲིལ་བར་ལྟ་རྟོག་ཞིབ་ཅིང་ཕྲ་བ་དང་གཏན་འཇགས། བདེན་དཔང་བྱེད་ཐུབ་པའི་གོ་རིམ་ལག་བསྟར་མ་བྱས་བར་དུ་དཔལ་འབྱོར་བཀག་སྡོམ་གྱི་ཉེས་ཆད་དང་གནོན་ཤུགས་ཆེན་པོ་སྤྲོད་པའི་ལས་འགུལ་མུ་མཐུད་དུ་རྒྱུན་འཁྱོང་བྱ་རྒྱུ་ཡིན་ཞེས་གསལ་བོར་བཤད་འདུག

ཨ་རིས་ད་དུང་ཡང་བྱང་ཀོ་རི་ཡར་བློ་འཚབ་ཆེན་པོ་བྱ་སའི་དོན་དག་གཞན་ཡོད་པའང་གསལ་བོར་བཤད་ཡོད་པ་སྟེ། ཀིམ་ཀྱི་སྲིད་དབང་སྒེར་གཅོད་གཞུང་གི་འགྲོ་བ་མིའི་ཐོབ་ཐང་ཟིན་ཐོ་ཧ་ཅང་ཐ་ཞན་ཡིན་པ་ནི་བློ་འཚབ་དེ་དག་གི་གྲས་ཀྱི་གཙོ་བོ་ཞིག་ཡིན།

ཕྱི་ཟླ་༤་པའི་ཚེས་༢༨་ནས་ཟླ་ལྔ་པའི་ཚེས་༥་བར་ནི་བྱང་ཀོ་རི་ཡའི་རང་དབང་བདུན་ཕྲག་ཡིན། འདི་ནི་ལྷོ་ཀོ་རི་ཡའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བྱང་ཀོ་རི་ཡའི་མང་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་རང་དབང་གོང་མཐོར་གཏོང་ཆེད་གོ་སྒྲིག་བྱས་པ་ཞིག་ཡིན་ཞིང་། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཧེ་དྷིར་ནའོ་ཨེར་གྱིས་བྱང་ཀོ་རི་ཡའི་རང་དབང་བདུན་ཕྲག་དང་བསྟུན་ནས་གསལ་བསྒྲགས་ཤིག་སྤེལ་དོན། ད་ལྟའང་བྱང་ཀོ་རི་ཡའི་མི་མང་ས་ཡ་མང་པོས་འཛམ་གླིང་སྟེང་གི་གཉའ་གནོན་བྱེད་མཁན་དང་གདུག་རྩུབ་ཆེ་ཤོས་ཀྱི་སྲིད་གཞུང་དེའི་འོག་ཏུ་སྡུག་བསྔལ་མྱོང་བཞིན་པ་འཛམ་གླིང་ཡོངས་ཀྱིས་བརྗེད་མི་རུང་ཞེས་འབོད་སྐུལ་ཞུས།།

ལོ་དྲུག་ཅུ་ལྷག་གི་རིང་ལ་བྱང་ཀོ་རི་ཡའི་མི་མང་གིས་འཚོ་བའི་ཆ་ཤས་སུ་གཏོགས་པའི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་བརྫིས་ཚབས་ཆེན་ཐེབས། བྱིས་པ་དང་སྐྱོན་འཛུགས་ཕོག་ཡུལ་མི་སྣ་དག་གི་བཟའ་མི་སོགས་ཚུད་པའི་མི་སྒེར་པ་ཁྲི་བཅུ་ཐམ་པ་ཙམ་གྱིས་ཆབ་སྲིད་བཙོན་པའི་ངལ་རྩོལ་སྒྱུར་བཀོད་བཙོན་ར་ཁག་ཏུ་སྡུག་བསྔལ་མྱོང་བཞིན་ཡོད། བྱང་ཀོ་རི་ཡའི་སྤྱི་དམངས་རྣམས་ལ་རང་གི་སྲིད་གཞུང་གིས་གཞི་རྩའི་རང་དབང་རྣམས་གཏན་ནས་སྤྲོད་ཀྱི་མི་འདུག་ཅེས་བཤད་ཆོག གཉའ་གནོན་གྱི་ཁོར་ཡུག་དེ་ནས་བཙན་བྱོལ་དུ་འབྲོ་མཁན་རྣམས་འཛིན་བཟུང་ཐེབས་ན་རྟག་ཏུ་སྡུག་སྦྱོང་མནར་གཅོད་མྱོང་བའམ། ཡང་ན་གསོད་ཀྱི་ཡོད་པ་སོགས་བཀོད་འདུག

ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ནའོ་ཨེར་གྱིས་བརྗོད་དོན། བྱང་ཀོ་རི་ཡའི་གནས་སྟངས་དེ་ལ་ཨ་རིས་མུ་མཐུད་དུ་བློ་འཚབ་ཆེན་པོ་བྱེད་བཞིན་ཡོད། གནོན་ཤུགས་གཅིག་རྗེས་གཉིས་མཐུད་དུ་སྤྲོད་པའི་ལས་འགུལ་སྤེལ་ནས་འགན་འཁྲི་ཡོད་པ་རྣམས་ལ་ཉེས་ཆད་ཀྱི་མཇུག་འབྲས་མྱོང་དུ་འཇུག་དགོས། དེ་བཞིན་དུ་ང་ཚོས་ཕྱི་ནང་གཉིས་ནས་གནས་ཚུལ་སྤེལ་བར་སྔར་ལས་ལྷག་པའི་འབད་བརྩོན་དང་གྲོགས་མེད་ཁེར་དུ་ལུས་པའི་བྱང་ཀོ་རི་ཡའི་མི་མང་དཀྱུས་མ་རྣམས་ཀྱིས་ཀྱང་ཕྱི་ལོགས་ཀྱི་འཇིག་རྟེན་གང་འདྲ་ཞིག་ཡིན་པ་ཇི་བཞིན་རྟོགས་ཐུབ་ཐབས་སུ་ཤུགས་རྒྱག་བཞིན་པ་རེད་ཅེས་བཀོད་འདུག

XS
SM
MD
LG