ངོ་འཕྲད་བདེ་བའི་དྲ་འབྲེལ།

པ་ལི་སི་ཐན་གྱི་ངོ་རྒོལ་བ་བསད་རྨས།
please wait

No media source currently available

0:00 0:03:18 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


ཁ་སང་གཟའ་ཟླ་བ་ཉིན་ནས་བཟུང་སྟེ་པ་ལི་སི་ཐན་གྱི་གྷ་ཟ་ས་ཁུལ་གྱི་མཐའ་མཚམས་སུ་པ་ལི་སི་ཐན་མི་དམངས་ཀྱིས་ཨ་སི་རལ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བའི་དུས་སུ་ཨི་སི་རལ་གྱི་དམག་གིས་མེ་མདའ་བརྒྱབ་ནས་ཉུང་མཐའ་ཡང་པ་ལི་སི་ཐན་གྱི་མི་མང་ངོ་རྒོལ་བ་༦༠་ལྷག་བསད་ཡོད་པ་དང་མི་༢༧༠༠་ཙམ་ལ་རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག འདི་ནི་སྤྱི་ལོ་༢༠༡༤་ལོར་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གཉིས་གདོང་གཏུག་གམ། ཡང་ན་གྷ་ཟའི་དམག་འཁྲུག་ལངས་པའི་རྗེས་སུ་ས་ཁུལ་དེར་མི་མང་མང་པོར་བསད་རྨས་ཀྱི་གནོད་འཚེ་ཕོག་པ་ཆེས་ཚབས་ཆེ་ཤོས་དེར་གྱུར་ཅིང་། ༢༠༡༤་ལོར་ཡང་ཨི་སི་རལ་གྱི་དམག་དང་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཉི་མ་༥༠་ཡས་མས་ཤིག་གི་རིང་ལ་དམག་འཁྲུག་བརྒྱབ་ནས་མི་༢༢༠༠་ལྷག་ལ་སྲོག་སྐྱོན་བྱུང་བ་མ་ཟད། སྐབས་དེར་བསད་རྨས་བྱུང་བའི་མི་མང་ཕལ་ཆེ་བ་གྷ་ཟ་ས་ཁུལ་གྱི་པ་ལི་སི་ཐན་བ་ཚོ་ཡིན་ཞིང་། ཐེངས་འདིར་པ་ལི་སི་ཐན་མི་དམངས་ཀྱིས་ཨི་སི་རལ་ལ་ངོ་རྒོལ་རྒྱ་ཆེན་པོ་ཞིག་བྱ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཇེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་དང་། ཊེ་ལི་ཝྭིའུ་གྲོང་ཁྱེར་དུ་བཅའ་སྡོད་ཨ་མི་རི་ཀའི་ཕྱི་འབྲེལ་དོན་གཅོད་ཁང་ཇེ་རུ་ས་ལམ་གྲོང་ཁྱེར་དུ་སྤོར་ནས་ཨ་མི་རི་ཀའི་གཞུང་ཚབ་ཁང་དངོས་སུ་སྒོ་འབྱེད་བྱས་པར་པ་ལི་སི་ཐན་མི་དམངས་ཀྱིས་ངོ་རྒོལ་བྱ་དགོས་ཐུག་ཅིང་། པ་ལི་སི་ཐན་གྱི་ལོ་རྒྱུས་སུ་གོད་ཆག་གི་ཉིན་མོར་གྲགས་པ་སྟེ། ༡༩༤༨་ལོར་ཨི་སི་རལ་ཞེས་པའི་རྒྱལ་ཁབ་ཅིག་གསར་དུ་བཙུགས་ནས་པ་ལི་སི་ཐན་བ་༡༠༠༠༠༠་ལྷག་བྲོས་བྱོལ་དུ་འགྲོ་དགོས་བྱུང་བའི་རྗེས་དྲན་གྱི་ཉིན་མོར་རྗེས་དྲན་བྱེད་པའི་ལས་འགུལ་སྤེལ་བ་ཞིག་ཀྱང་ཡིན་ཞེས་བརྗོད་འདུག ཨ་རིའི་མཐུན་གྲོགས་རྒྱལ་ཁབ་དབྱིན་ཇི་དང་ཧྥ་རན་སི་སོགས་རྒྱལ་ཁབ་ཁག་ཅིག་གིས་ཨི་སི་རལ་གྱི་དམག་གིས་པ་ལི་སི་ཐན་བ་ཚོར་མེ་མདའ་བརྒྱབ་ནས་མི་མང་ལ་འཆི་རྨས་འབྱུང་དུ་མི་འཇུག་པའི་འབོད་སྐུལ་ཞུས་ཀྱང་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཐེངས་འདིར་མི་ལ་བསད་རྨས་བྱུང་བའི་མཇུག་འབྲས་ཡོད་ཚད་པ་ལི་སི་ཐན་གྱི་ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་འགན་འཁྲི་ལེན་དགོས། ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ངན་སྐུལ་བྱས་ནས་ཨ་རིའི་དོན་གཅོད་ཁང་ཨི་སི་རལ་གྱི་ཊེ་ལི་ཝིའུ་གྲོང་ཁྱེར་ནས་ཇེ་རུ་ས་ལམ་གྲོང་ཁྱེར་དུ་སྤོས་ནས་གཞུང་ཚབ་ཁང་དངོས་སུ་སྒོ་འབྱེད་བྱས་པར་ངོ་རྒོལ་བྱས་པ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། གྷ་ཟ་ས་ཁུལ་གྱི་དྲག་པོའི་ངོ་རྒོལ་དང་ཨ་རིའི་གཞུང་ཚབ་ཁང་གནས་སྤོར་བྱས་ནས་དྲག་ཟིང་ལངས་པའི་སྟབས་ཀྱིས་ཨ་མི་རི་ཀས་ཨི་སི་རལ་དང་པ་ལི་སི་ཐན་གྱི་ཞི་བའི་གྲོས་མོལ་ལ་བར་འདུམ་དང་ཡར་སྐུལ་གྱི་འབད་བརྩོད་བྱ་རྒྱུ་ལྷོད་ཡང་འགྲོ་མི་སྲིད་ཅེས་ཁས་ལེན་བྱས་ཀྱང་གྷ་ཟ་ས་ཁུལ་གྱི་མཐའ་མཚམས་ཁག་ཏུ་ཨི་སི་རལ་ལ་ངོ་རྒོལ་དྲག་པོ་བྱེད་ཀྱི་ཡོད་པ་དེས་ཞི་བདེ་སླར་གསོ་ཐུབ་རྒྱུའི་རྟགས་མཚན་ཅི་ཡང་མི་འདུག་ཅེས་སྐྱོན་བརྗོད་བྱས་འདུག པ་ལི་སི་ཐན་གྱི་དབང་འཛིན་པ་ཚོས་ཀྱང་ཨི་སི་རལ་གྱི་དྲག་རྩུབ་སྲིད་ཇུས་འདི་དམར་གསོད་འབའ་ཞིག་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་མ་ཟད། ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུས་འཛམ་གླིང་རྒྱལ་ཁབ་གང་འདྲ་ཞིག་ཡིན་རུང་རང་གི་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་སྐྱོབ་བྱ་དགོས་པའི་ལས་འགན་ཡོད། ཧ་མ་སི་དྲག་སྤྱོད་ཤོག་ཁག་གིས་ཨི་སི་རལ་རྩ་མེད་བཟོ་རྒྱུའི་འཆར་གཞི་བསྒྲགས་ནས་མི་ཁྲི་སྟོང་མང་པོར་ངན་སྐུལ་གྱིས་མཐའ་མཚམས་སུ་གཏོར་བརླག་དང་ཟིང་འཁྲུག་སློང་གི་ཡོད་པས་ང་ཚོས་མུ་མཐུད་དུ་རང་གི་བདག་དབང་དང་སྤྱི་དམངས་ལ་སྲུང་སྐྱོབ་བྱ་རྒྱུ་ཡིན་ཞེས་རྒྱལ་སྤྱིའི་སྐྱོན་བརྗོད་ཁག་ལ་དགག་པ་བརྒྱབ་འདུག ཨི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་དེ་རྩོད་གཞི་ཅན་གྱི་ཇེ་རུ་ས་ལམ་གྲོང་ཁྱེར་དུ་གནས་སྤོར་བྱ་རྒྱུ་དང་། ཇེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱ་དགོས་པ་ཨ་མི་རི་ཀའི་ལོ་མང་གི་འཆར་གཞི་དང་སྲིད་ཇུས་ཤིག་ཡིན་མོད། འོན་ཀྱང་ད་ལྟ་བར་དུ་ཨ་མི་རི་ཀའི་སྲིད་གཞུང་རིམ་པ་ཞིག་གིས་འཆར་གཞི་དེ་ལག་ལེན་བསྟར་མེད། ན་ནིང་སྤྱི་ཟླ་༡༢་པར་སྲིད་འཛིན་ཌོ་ནལ་ཊོམ་གྱིས་ཨ་རིའི་གཞུང་ཚབ་ཁང་ཇེ་རུ་ས་ལམ་གྲོང་ཁྱེར་དུ་སྤོར་རྒྱུའི་ཐག་བཅད། ཁ་སང་ཕྱི་ཟླ་༥་ཙེས་༡༤་ཉིན་ཨ་རིའི་གཞུང་ཚབ་ཁང་དངོས་སུ་ཇེ་རུ་ས་ལམ་གྲོང་ཁྱེར་དུ་སྒོ་འབྱེད་བྱས་ནས་མཛད་སྒོ་ཚོགས། ཨ་རིའི་སྐུ་ཚབ་ཀྱི་གཏམ་བཤད་ནང་དུའང་སྲིད་འཛིན་རིམ་པ་ཞིག་གིས་གཞུང་ཚབ་ཁང་གནས་སྤོར་བྱ་རྒྱུའི་ཁས་ལེན་བྱས་ཀྱང་ལག་ལེན་བསྟར་ཐུབ་མེད། སྲིད་འཛིན་ཌོ་ནལ་ཊོམ་གྱིས་སྲིད་ཇུས་དེ་དངོས་སུ་ལག་ལེན་བསྟར་པ་ནི་ཁ་དན་ཚིག་ལ་གནས་པ་ཞིག་རེད་ཅེས་བསྔགས་བརྗོད་ཞུས་ཏེ། ཨ་རིའི་གཞུང་གིས་ཇེ་རུ་ས་ལམ་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་གྱིས་གཞུང་ཚབ་ཁང་གྲོང་ཁྱེར་དེར་གནས་སྤོར་བྱས་པ་ནི་ཨ་རིའི་དབང་ཤུགས་དཀྱིལ་ཤར་ས་ཁུལ་གྱི་ཁ་ཆེའི་རྒྱ་ཁབ་ཁག་གི་དབུས་སུ་རྒྱ་བསྐྱེད་གཏོང་རྒྱུའི་ཐབས་ལམ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།།

XS
SM
MD
LG