ངོ་འཕྲད་བདེ་བའི་དྲ་འབྲེལ།

དྲུག་བཞིའི་ལས་འགུལ་བ་ཝུ་ཨར་ཁེ་ཤཱི་ལ་བཅར་འདྲི།
please wait

No media source currently available

0:00 0:04:11 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་དང་འཛམ་གླིང་གི་ནོ་བྷེལ་ཞི་བདེའི་གཟིངས་རྟགས་བཞེས་མཁན་ལིའུ་ཞའོ་པོ་དམ་པ་དེ་ཉིད་ཀྱི་དྲན་རྟེན་སྐུ་བརྙན་ཞིག་ཐེ་ཝན་གྱི་རྒྱལ་ས་ཐེ་པེ་གྲོང་ཁྱེར་དུ་བཞེང་རྒྱུ་ཡིན་ཡིན་པ་དང་། ལས་གཞི་དེ་ལིའུ་ཞའོ་པོའི་གྲོགས་པོ་ཞེས་ཁེ་མེད་ཚོགས་པ་ཞིག་གིས་འབད་བརྩོན་དང་སྦྱིན་བདག་བྱས་ནས་བཞེང་གི་ཡོད་པར་མ་ཟད། ལས་གཞི་དེར་ཐེ་ཝན་གྱི་གྲོས་ཚོགས་ཁྲིམས་བཟོ་བ་ཁག་ཅིག་གིས་ཀྱང་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཅིང་། ཚོགས་པ་དེ་འཛུགས་མཁན་ནི་༡༩༨༩་ལོར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་གྱི་དམངས་གཙོའི་ལས་འགུལ་གྱི་འགོ་ཁྲིད་གྲས་ཞིན་ཅང་གི་ཡུ་གུར་བ་ཝུ་ཨར་ཁེ་ཤཱི་ཡིན་ཞིང་། ཁོང་དེང་སྐབས་ཐེ་ཝན་དུ་གནས་སྡོད་བྱེད་ཀྱི་ཡོད་པ་དང་། སྤྱི་ཟླ་༦་པའི་ཚེས་༡་ཉིན་ཝུ་ཨར་ཁེ་ཤཱིས་ཐེ་པེ་གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་ལིའུ་ཞའོ་པོ་དམ་པ་དེ་ཉིད་ཀྱི་རྗེས་དྲན་སྐུ་བརྙན་ཞིག་བཞེང་འཆར་ཡོད་ཅེས་གསལ་བསྒྲགས་སྤེལ་འདུག གཤམ་ལ་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྡེ་ཚན་གྱི་གསར་འགོད་པ་ཡེ་ཤེས་རྡོ་རྗེས་ཁ་པར་ཐོག་ཏུ་ཝུ་ཨར་ཁེ་ཤཱིར་སྐུ་བརྙན་བཞེང་ཕྱོགས་སུ་བཅར་འདྲི་ཞུས་དོན།།

དྲི་བ། སྐུ་བརྙན་དེའི་ཞིབ་ཕྲའི་གནས་ཚུལ་ཞིག་མཐོང་མ་བྱུང་། ཆེ་ཆུང་དང་རྒྱུ་ཆ་ཅི་ཞིག་གིས་བཞེང་འཆར་ཡོད་དམ།

ལན། འདི་ལ་རྒྱུ་ཆ་ལི་དང་རིམ་པ་མ་འདྲ་བ་གསུམ་ཡོད་པ་ཞིག་ཡིན། རིམ་པ་དང་པོ་དང་གཙོ་བོ་དེར་མཐོ་ཚད་མཱི་ཊར་གཉིས་དང་ཕྱིད་ཀ་ཡོད། འདིའི་བརྟེན་གཞི་དེས་ས་ཁྱོན་མཱི་ཊར་གྲུ་བཞི་མ་དགུ་ཟིན་གྱིས་རེད།

དྲི་བ། རིམ་པ་གསུམ་དེ་གང་གང་རེད་དམ།

ལན། འདི་ནི་སྐུ་བརྙན་གཙོ་བོ་དང་ཁྲི་སྟེགས། དེ་བཞིན་རྐུབ་བཀྱག་སྟོང་པ་ཞིག་བཅས་རིམ་པ་གསུམ་ལས་གྲུབ་པའི་རྒྱུ་རྩལ་གྱི་མཚོན་དོན་ཞིག་ཡིན།

དྲི་བ། རྐུབ་བཀྱག་སྟོང་པ་དེ་ནོ་བྷེལ་ཞི་བདེའི་གཟེངས་རྟགས་སྤྲོད་དུས་དོ་བདག་དངོས་སུ་བཅར་མ་ཐུབ་པར་རྐུབ་བཀྱག་སྟོང་པར་ལུས་པའི་མཚོན་དོན་རེད་དམ།

ལན། དེ་རེད།

དྲི་བ། ལས་གཞི་འདི་རྣམས་ལེགས་གྲུབ་ཟིན་པ་རེད་དམ།

ལན། མ་རེད། ད་ལྟ་ང་ཚོ་ལས་གཞི་འདིའི་རྒྱུད་རིམ་ཁྲོད་དུ་ཡོད། དྲང་པོར་བཤད་ན་ང་ཚོས་ད་དུང་ཡང་ལས་གཞི་དེའི་ཆེད་དུ་མ་དངུལ་འདུ་འགོད་བྱེད་བཞིན་ཡོད། འདི་ལ་འགྲོ་སོང་ཆེན་པོ་འགྲོ་ཡི་འདུག ཕལ་ཆེར་ཨ་སྒོར་འབུམ་གཅིག་ཙམ་འགྲོ་ས་རེད།

དྲི་བ། ཁྱེད་རང་ལ་ལས་གཞི་འདི་སྤྱི་ཟླ་༧་པའི་ཚེས་༡༣་གྱི་སྔོན་ལ་འགྲུབ་ཐུབ་རྒྱུའི་གདེང་ཚོད་ཡོད་དམ།

ལན། གདེང་ཚོད་ཡོད། འོན་ཀྱང་བརྗོད་མི་དགོས་པ་ཞིག་ལ་ད་ལྟ་ང་ཚོས་དཔལ་འབྱོར་འདུ་འགོད་བྱེད་བཞིན་པའི་སྒང་ཡིན། གལ་ཏེ་འགྲོ་གྲོན་འདུ་འགོད་མ་ཐུབ་ན་དེ་དུས་ངས་མང་ཚོགས་ལ་བརྡ་ཁྱབ་གཏོང་དགོས་ཀྱི་རེད། ཡིན་ནའང་དེ་འདྲ་ཞིག་ཡོང་གི་རེད་བསམ་གྱི་མི་འདུག ད་ལྟ་ནས་འདིར་ཡོད་པའི་ཐེ་ཝན་གྱི་སྤྱི་དམངས་སྤྱི་ཚོགས་སམ། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བརྗོད་ཀྱི་འདུག ད་ལྟ་ནས་ལས་ཀ་དེ་འགོ་ཡག་པོ་ཞིག་འཛུགས་ཐུབ་སོང་། དེར་བརྟེན་ང་འདིར་གདེང་ཚོད་གང་འཚམ་ཡོད།

དྲི་བ། ཞལ་འདེབས་འདུ་འགོད་ལ་དུས་བཀག་ཡོད་དམ།

ལན། སྤྱི་ཟླ་༧་པའི་ཚེས་༡༣་ཉིན་སྐུ་བརྙན་བསླང་རྒྱུ་ཡིན། དེས་ན་ངས་རེ་བར་ཟླ་བ་གཅིག་གི་རིང་ཞལ་འདེབ་བསྡུ་རུབ་བྱས་ནས་སྤྱི་ཟླ་༦་པའི་ཟླ་མཇུག་ཏུ་ལས་གཞི་འགྲུབ་རྒྱུའི་རེ་བ་འཆང་བཞིན་ཡོད།

དྲི་བ། ཁྱེད་རང་ཡུ་གུ་བ་ཞིག་རེད། ལིའུ་ཞའོ་པོ་ནི་རྒྱ་ནག་གི་གནད་ཡོད་མི་སྣ་ཞིག་རེད། ད་ལྟ་ཁོང་འདས་གྲོངས་སུ་གྱུར་ནས་མི་རྣམས་ཀྱིས་བརྗེད་སྲིད་པའི་ཉེན་ཀའི་དུས་སླེབས་ཡོད་པས་དྲན་རྟེན་གྱི་སྐུ་བརྙན་ཞིག་བཞེང་མཁན་ཁྱེད་རང་ཡིན་པ་ཡ་མཚན་པོ་ཞིག་མ་རེད་དམ།

ལན། ཁོང་ངའི་སློབ་སྟོན་པ་རེད། ང་ཡུ་གུར་བ་ཞིག་ཡིན་པ་ལས་ལྷག་པར་ང་ཁོང་གི་སློབ་ཕྲུག་ཅིག་ཡིན། ང་གནམ་བདེ་སྒོ་མོ་ཆེའི་ཐང་དུ་བྱུང་བའི་སློབ་ཕྲུག་གི་ལས་འགུལ་གྱི་འགོ་ཁྲིད་གྲས་ཤིག་ཡིན། དེ་དུས་ཁོང་ངའི་སློབ་སྟོན་པ་ཡིན། སྤྱི་ལོ་༡༩༨༩་ལོའི་ཉིན་ལྔ་བཅུའི་རིང་གི་སློབ་ཕྲུག་གི་ལས་འགུལ་ནང་དུ་ང་ཡུ་གུར་བ་ཡིན་པ་དེ་ལ་དོ་སྣང་བྱེད་མཁན་ཉུང་ཉུང་རེད། སྤྱིར་ཡུ་གུར་བ་ཚོར་དྲང་པོ་མིན་པའི་གནས་ཚུལ་གྱི་འོག་ཏུ་དོ་སྣང་ཡོང་གི་ཡོད་ཀྱང་ཉིན་ལྔ་བཅུ་དེའི་རིང་ལ་ང་ཡུ་གུར་བ་ཞིག་ཡིན་མིན་ལ་སུས་ཀྱང་ཁྱད་པར་མཐོང་ཡོད་པ་རེད་བསམ་གྱི་མི་འདུག དེ་དུས་ང་ཞིན་ཅང་ཡུལ་གུར་རང་སྐྱོང་ལྗོངས་ཀྱི་སློབ་ཕྲུག་གི་གཙོ་འཛིན་ཡིན། ལིའུ་ཞའོ་པོས་ང་ཡུ་གུར་བ་ཞིག་རེད་བསམས་པའི་ཚོར་བ་མི་འདྲ་བ་ཞིག་གཏན་ནས་བྱུང་མྱོང་ཡོད་རྒྱུ་མ་རེད། དེར་རྟེན་ད་ལྟ་ངས་སྐུ་བརྙན་འདི་བཞེང་དུས་ཡ་མཚན་འདྲ་པོ་ཞིག་མཐོང་སྲིད་ཀྱང་ང་དང་ལིའུ་ཞའོ་པོ་གཉིས་ཀྱི་འབྲེལ་བའི་ཐོག་ནས་བཤད་ན་ང་ཡུ་གུར་བ་ཡིན་མིན་དེ་གལ་ཆེན་པོ་ཞིག་མ་རེད།

དྲི་བ། སྐུ་བརྙན་དེ་བཞེང་ས་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ས་སྐད་གྲགས་ཆེ་བའི་ས་གནས་ཤིག་མ་རེད་དམ།

ལན། རེད། ཧ་ཅང་། ཧ་ཅང་གལ་ཆེའི་ས་གནས་ཤིག་རེད། ཁང་ཆེན་ཐོག་བརྩེགས་༡༠༡་ཡོད་ས་དེའི་འཁྲིས་དེར་རེད། ཐེ་པེ་གྲོང་ཁྱེར་སྲིད་གཞུང་གི་ལས་ཁུངས་མདུན་དེར་རེད། འདི་ལས་ལྷག་པའི་ས་ཆ་ཞིག་དང་ཡུལ་སྐོར་བའི་མཐོང་ཐུབ་ས་ཞིག་ཡོད་མ་རེད།

དྲི་བ། ས་ཆ་དེར་སྐུ་བརྙན་དེ་བཞེང་རྒྱུར་ཐེ་ཝན་སྲིད་གཞུང་གིས་དགག་བྱ་བྱས་མ་བྱུང་ངམ།

ལན། མ་བྱུང་།

དྲི་བ། རྒྱ་མིའི་ཡུལ་སྐོར་སྤྲོ་འཆམ་པ་ཚོས་མཐོང་བའི་ཆེད་དུ་ས་ཆ་དེ་བདམས་པ་ཡིན་ནམ།

ལན། དེའི་རེ་བ་ཡིན། ཧ་ཧ་ཧ། ངས་རེ་བ་དེ་འདྲ་ཞིག་འཆང་གི་ཡོད།

དྲི་བ། དེང་སྐབས་རྒྱ་ནག་ནས་ཡུལ་སྐོར་བ་ཅི་ཙམ་ཡོང་གི་འདུག་གམ།

ལན། སྔོན་མ་ནང་བཞིན་མང་པོ་མི་འདུག ཅིའི་ཕྱིར་ཞེ་ན་ཐེ་ཝན་ལ་པེ་ཅིང་གིས་ངོས་ལེན་མེད་པའི་སྲིད་འཛིན་ཞིག་བདམས་ཡོད་པ་དེ་ལ་ཉེས་པ་གཏོང་བའི་ཆེད་དུ་རྒྱ་ནག་གཞུང་གིས་རྒྱ་མི་ཡུལ་སྐོར་ཚོགས་པ་མང་པོ་ཐེ་ཝན་ལ་གཏོང་རྒྱུ་བཀག་ཡོད་པ་རེད།

དྲི་བ། རྒྱ་ནག་གི་འོག་ཏུ་ཡོད་པའི་ཡུ་གུར་བ་དང་བོད་པ་ལྟ་བུའི་རང་དབང་དོན་གཉེར་པ་ཚོར་མཚོན་ན་ལིའུ་ཞིའོ་པོ་གལ་གནད་ཅི་ཙམ་རེད་དམ།

ལན། གཅིག་ནས་ཁོང་ནི་བསམ་བློ་བ་དང་རྩོམ་པ་པོ། རིག་པའི་གཞུང་ལུགས་སྨྲ་བ་ཞིག་རེད། ཁོང་གི་མི་ཚེའི་ནང་དུ་རྩོམ་ཡིག་ཧ་ཅང་མང་པོ་བྲིས་ཡོད་པ་རེད། དེའི་གྲས་ཀྱི་མང་པོ་ཞིག་གིས་སེམས་ཤུགས་ཆེན་པོ་བསླངས་ཡོད། དེ་ལས་གལ་ཆེ་བ་ཞིག་ལ་ཁོང་ནི་བསམ་བློ་གཏོང་མཁན་གཅིག་པུ་ཞིག་མ་ཡིན་པར་ལས་དོན་སྒྲུབ་མཁན་ཞིག་རེད། ཁོང་ནི་བཟང་སྤྱོད་ཀྱི་སྟོབས་ཤུགས་དང་གདེང་སྤོབས་ལག་ལྟར་བྱེད་མཁན་ཞིག་རེད། དེ་ནི་གལ་ཆེན་པོ་ཞིག་ཡིན། བཟང་སྤྱོད་ཅན་གྱི་མི་ཞིག་བྱས་ནས་བསྡད་པ་ལས་དོན་དངོས་སུ་མིའི་མདུན་དུ་གདེང་སྤོབས་བསྟན་ནས་མི་གཞན་ལ་མིག་དཔེ་སྟོན་རྒྱུ་གལ་ཆེན་པོ་རེད། ཁོང་གིས་བྱ་བ་དེར་ལམ་ལྷོངས་ལྡན་པ་བྱུང་ཡོད་པས་མི་མང་པོ་གདེང་སྤོབས་དེའི་རྗེས་སུ་ཞུགས་ཡོད། ཁོང་འཚོ་གནས་ཀྱི་རིང་ལ་སེམས་ཤུགས་སྤེལ་མཁན་ཆེས་གལ་གནད་ཆེ་བའི་མི་ཞིག་རེད་ཅེས་བརྗོད་ན་ཕལ་ཆེར་སྐྱོན་ཡོད་རྒྱུ་མ་རེད།།

XS
SM
MD
LG