ངོ་འཕྲད་བདེ་བའི་དྲ་འབྲེལ།

དྲུག་བཞིའི་དོན་རྐྱེན་གྱི་རྗེས་དྲན་ཉིན་མོ།
please wait

No media source currently available

0:00 0:03:27 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


དེ་རིང་ནི་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་ནམ་༡༩༨༩ལོའི་སློབ་མའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ནས་ལོ་ཧྲིལ་བོ་༢༩་འགོར་བའི་རྗེས་དྲན་ཉིན་མོ་ཡིན་པའི་སྟབས་ཀྱིས་དྲུག་བཞིའི་དོན་རྐྱེན་ནང་མཉམ་ཞུགས་བྱས་མྱོང་བའི་སློབ་མ་སྐྱབས་བཅོལ་བ་གཙོས་པའི་མི་མང་པོ་ཞིག་གིས། འཛམ་གླིང་རྒྱལ་ཁབ་འདྲ་མིན་གྱི་ནང་དུ་ཉིན་མོ་འདིར་རྗེས་དྲན་བྱེད་ཀྱི་ཡོད་པ་དང་། དེ་བཞིན་ཧོང་ཁོང་དང་ཐེ་ཝན་སོགས་རྒྱ་རིགས་འདུས་སྡོད་བྱ་སའི་རང་དབང་གི་ཡུལ་དུ་མི་མང་འདུ་འཛོམས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གྱི་ལམ་ནས་དྲུག་པའི་ཚེས་བཞི་ཡི་ཉིན་མོ་འདིར་རྗེས་དྲན་ཞུ་བཞིན་ཡོད་པ་རེད། གཞན་ཡང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་སྲིད་དོན་པ་དང་འགྲོ་བ་མིའི་ཐོབ་ཐང་དོན་དུ་གཉེར་མཁན་གྱི་ཚོགས་པ་སོགས་ཀྱིས་ཀྱང་ཉིན་མོ་འདིར་རྗེས་དྲན་གྱི་གཏམ་བཤད་སྤེལ་བ་དང་ལས་འགུལ་སྤེལ་བ་སོགས་བྱེད་བཞིན་ཡོད་དེ། ཨ་རིའི་ཕྱི་སྲིད་དྲུང་ཆེ་མད་ཁི་ཕོམ་ཕས་ཨོ་ཡིས་ཀྱང་ཁ་སང་ཕྱི་ཚེས་གསུམ་གྱི་ཉིན་རྒྱ་ནག་གི་དྲུག་བཞིའི་དོན་རྐྱེན་སྐོར་ལ་གཏམ་བཤད་བྱས་ཡོད་པའི་ནང་དུ་ཁོང་གིས། ཆིག་སྟོང་དགུ་བརྒྱ་གྱ་དགུ་ལོའི་ཟླ་དྲུག་པའི་ཚེས་བཞི་ཡི་ཉིན་མོར་རྒྱ་ནག་གི་ཐན་ཨན་མིན་ཐང་ཆེན་དང་དེའི་ཉེ་འཁོར་གྱི་ས་ཁུལ་དུ་ཞི་བའི་ངོ་རྒོལ་གྱི་ཁྲོམ་སྐོར་བྱེད་མཁན་ལ་དྲག་གནོན་བྱས་ནས་ལོ་ངོ་༢༩་འགོར་ཡོད་པའི་སྐབས་འདིར་ང་ཚོས་། སྐུ་ཞབས་ལིག་ཞོ་པོ་སྤྱི་ལོ་ཉིས་སྟོང་བཅུ་ལོར་ཁོ་ལ་ནོ་པེལ་ཞི་བདེའི་གཟེངས་རྟགས་འབུལ་སྐབས་མཛད་སྒོའི་སྟེང་ཕེབས་དུ་བཅུག་མེད་ནའང་། སྐབས་དེར་ཁོང་གིས་བཙོན་ཁང་དུ་མཛད་སྒོར་ཕུལ་བའི་གཏམ་བཤད་ཀྱི་ནང་དུ། དྲུག་བཞིའི་དོན་རྐྱེན་ཁྲོད་འདས་གྲོངས་སུ་ཕྱིན་པ་དག་གི་རྣམ་ཤེས་ཀྱིས་ད་དུང་ཡང་མི་བཙུམ་མེད་ཅེས་བརྗོད་ཡོད་པ་བཞིན། ང་ཚོས་ཀྱང་སྐབས་དེར་མི་ཉེས་མེད་མང་པོི་ཞིག་གི་ཚེ་སྲོག་འཕྲོག་ཡོད་པ་ངེས་པར་དུ་ཡིད་ལ་དྲན་དགོས་ཅེས་དང་། ང་ཚོས་རྒྱལ་སྤྱིའི་སྟེང་གི་མི་གཞན་པ་ཚོ་དང་མཉམ་དུ་རྒྱ་ནག་གཞུང་ལ་དྲུག་བཞིའི་དོན་རྐྱེན་ཁྲོད་དམར་གསོད་བྱས་པ་དང་གར་སོང་ཆ་མེད་དུ་སོང་བའི་མི་རྣམས་ཀྱི་གནས་ཚུལ་ཡོངས་གྲགས་ཀྱིས་གསལ་བསྒྲགས་བྱ་རྒྱུའི་འབོད་སྐུལ་ཞུ་དགོས་པ་མ་ཟད། དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་གྱི་ཆེད་དུ་བཙོན་ལ་ཚུད་ཡོད་པའི་མི་རྣམས་བཙོན་གྲོལ་གཏོང་རྒྱུ་དང་། སྐབས་དེའི་ཞི་བའི་ངོི་རྒོལ་ལས་འགུལ་ནང་མཉམ་ཞུགས་བྱེད་མཁན་དང་ཁོ་ཚོའི་ཁྱིམ་མི་རྣམས་རྣམས་ལ་སུན་པོི་བཟོས་ནས་ཁོ་ཚོའི་རྒྱུན་ལྡན་གྱི་འཚོ་བར་ཕོག་ཐུག་གཏོང་རྒྱུ་ཡང་མཚམས་འཇོག་བྱ་རྒྱུའི་འབོད་སྐུལ་ཞུ་དགོས། ཨ་རིའི་ངོས་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྲུང་སྐྱོབ་བྱ་རྒྱུ་ནི་འཛམ་གླིང་རྒྱལ་ཁབ་ཡོངས་ཀྱི་རྩ་བའི་འགན་འཁུར་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དེ་བས་ང་ཚོས་རྒྱ་ནག་ལ་ཡང་མི་དམངས་ཚང་མའི་ཡོངས་ཁྱབ་ཀྱི་ཁེ་དབང་དང་མ་མཐའི་རང་དབང་གི་ཐོབ་ཐང་ལ་བརྩི་འཇོག་བྱ་རྒྱུའི་འབོད་སྐུལ་ཞུ་གི་ཡིན་ཅེས་བརྗོད་ཡོད་པ་རེད། དྲུག་བཞིའི་དོན་རྐྱེན་བྱུང་ནས་ལོ་ངོ་༢༩་འགོར་བའི་རིང་ལ་དུ་རྒྱ་ནག་ཏུ་དྲུག་བཞིའི་དོན་རྐྱེན་གྱི་སྐོར་ནས་གླེང་སློང་བྱུང་བ་ཡིན་ན་འཛིན་བཟུང་བཀག་ཉར་སོགས་བྱེད་ཀྱི་ཡོད་པའི་སྟབས་ཀྱིས་རྒྱ་ནག་ནང་དུ་དྲུག་བཞིའི་དོན་རྐྱེན་སྐོར་ཡོངས་གྲགས་ཀྱིས་གླེང་གི་མེད་པས་མི་རབས་གསར་བའི་གྲས་སུ་དྲུག་བཞིའི་དོན་རྐྱེན་གྱི་སྐོར་གཏན་ནས་མི་ཤེས་མཁན་ཡོད་ལ། ཁ་ཤས་ཀྱི་སེམས་སུ་རང་བཞིན་གྱིས་ལོ་རྒྱུས་ཀྱི་དྲན་པ་དེ་ཉམས་ནས་ཤེས་མེད་ཚོར་མེད་དུ་འགྱུར་བཞིན་པའི་གནས་སྟངས་སུ་ལུས་ཡོད་ཅིང་། ཡང་མི་ཁ་ཤས་ཀྱིས་ད་དུང་ཡང་སྐབས་དེའི་ལས་འགུལ་བ་རྣམས་ཀྱི་བློས་གཏོང་དང་སྙིང་སྟོབས་ལ་རྗེས་དྲན་ཞུ་བཞིན་པ་མ་ཟད། གསང་བ་ལྐོག་གྱུར་དུ་ལུས་ཡོད་པའི་སྐབས་དེའི་དངོས་ཡོད་གནས་ཚུལ་ལ་ཉམས་ཞིབ་དང་གསེད་འགྲོལ་བྱེད་རྒྱུར་འབད་བརྩོན་བྱེད་མཁན་ཡང་མང་པོ་ཡོད་པ་རེད། སྐབས་དེའི་སློབ་མའི་ལས་འགུལ་ལ་སྣེ་འཁྲིད་མཁན་གྲས་ཡིན་པའི་བང་ཏན་ལགས་ཀྱིས་བརྗོད་ན། ད་ལྟའི་རྒྱ་ནག་གི་ཆབ་སྲིད་གནས་སྟངས་ག་འདྲ་ཞིག་ཆགས་ན་ཡང། ང་ཚོས་ངེས་པར་དུ་རྗེས་དྲན་ཞུ་དགོས། ད་ལྟའི་གནས་སྐབས་འདིར་དྲུག་བཞིའི་དོན་རྐྱེན་སྐོར་ལ་ཕྱི་གསལ་ནང་གསལ་ཡོང་རྒྱུའི་རེ་བ་ཆེན་པོ་རྒྱག་གི་མེད། ངས་བསམ་ན་ཞིས་ཅིན་ཕིན་གྱིས་སྲིད་ཀྱི་དབང་ཆ་བཟུང་ཡོད་པའི་སྐབས་འདིར་ཕལ་ཆེར་ཡོང་མི་སྲིད་པ་ཞིག་རེད། སྤྱིར་བཏང་གུང་ཁྲན་ཏང་གི་ངོས་ནས་དོན་རྐྱེན་འདིར་དགོངས་སེལ་བསྐྱར་ཞིབ་བྱ་མིན་གང་ལྟར་ཡང་། ང་ཚོའི་ངོས་ནས་རྗེས་དྲན་ཞུ་མིན་ནི་དོན་རྐྱེན་འདིར་ལོ་རྒྱུས་ཀྱི་ངོས་ནས་རིན་ཐང་ལྡན་མིན་དང་འབྲེལ་ཡོད་པས། ང་ཚོས་ལོ་རྟག་པར་འདིའི་སྐོར་ནས་གླེང་སློང་བྱས་ཏེ་མི་རྣམས་ལ་ལོ་རྒྱུས་ཀྱི་དྲན་པ་སློང་རྒྱུ་ནི་ང་ཚོའི་འགན་འཁུར་རེད་ཅེས་བརྗོད་འདུག

XS
SM
MD
LG