ངོ་འཕྲད་བདེ་བའི་དྲ་འབྲེལ།

ཊོམ་དང་ཀིམ་གྱི་ཐུག་འཕྲད་ཕྱིར་འཐེན་གྱི་ཉེན་བརྡ།
please wait

No media source currently available

0:00 0:04:47 0:00
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


༄༅།། བྱང་ཀོ་རི་ཡའི་གཞུང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་གནམ་དམག་གི་མཉམ་འབྲེལ་དམག་སྦྱོང་རྒྱུན་འཁྱོངས་བྱེད་ཀྱིན་ཡོད་པ་དང་། ཨ་མི་རི་ཀས་མཐའ་གཅིག་ཏུ་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་ཨུ་ཚུགས་བརྒྱབ་ན་ཕྱི་ཟླ་༦་ཚེས་༡༢་ཉིན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་སིང་ག་པུར་དུ་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་ཕྱིར་འཐེན་བྱ་སྲིད། བྱང་ཀོ་རི་ཡ་སྟོབས་ཆེན་རྒྱལ་ཁབ་ཁག་གི་ལག་འོག་ཏུ་ལི་བྷི་ཡ་དང་ཨི་རཀ་ལྟ་བུ་ཞིག་ལ་ནམ་ཡང་འགྱུར་དུ་འཇུག་འདོད་མེད། གལ་སྲིད་ཨ་མི་རི་ཀས་བྱང་ཀོ་རི་ཡ་གྲུ་ཟུར་ལ་བཀར་ནས་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པའི་ཨུ་ཚུགས་བརྒྱབ་པ་ན་ང་ཚོར་ཞི་བའི་གྲོས་མོལ་བྱ་འདོད་མེད་ཅེས་ཉེན་བརྡ་བཏང་འདུག ཕྱི་ཟླ་༥་ཙེས་༡༥་ཉིན་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱིས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་རྒྱུ་ལི་བྷི་ཡའི་ཐབས་ཇུས་ལ་མིག་དཔེ་བལྟ་དགོས། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་མེད་པར་གཏོང་དགོས་པ་དང་མེད་པར་བཏང་བ་ངེས་གཏན་ཐུབ་པ། བྱང་ཀོ་རི་ཡ་ནམ་ཡང་རྡུལ་ཕྲན་མཚོན་ཆ་བཟོ་ཕྱོགས་ལ་ཕྱིར་ལྡོག་མི་བྱེད་པ། བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེ་ཤུགས་འཕུར་མདེལ། རྫས་འགྱུར་མཚོན་ཆ་རྣམས་མེད་པར་བཏང་བའི་རྗེས་སུ་ལེགས་སྐྱེས་གཞུག་ཏུ་སྤྲོད་ཆོག་ཅེས་གཏམ་བཤད་བྱས་པར་བྱང་ཀོ་རི་ཡའི་གཞུང་གཉེར་གསར་འགྱུར་ལས་ཁང་གིས་ཀིམ་ཇུང་ཨུན་དང་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་གཉིས་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པ་ཕྱིར་འཐེན་བྱ་སྲིད་ཅེས་ཉེན་བརྡ་བཏང་ཡོད་པ་རེད། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་ཇཱོན་བྷོལ་ཊོན་གྱི་གཏམ་བཤད་ལ་མཇུག་འབྲས་ངན་པ་ཞིག་འབྱུང་སྲིད་པ་སྟེ། ཨི་རཀ་ལ་རྡུལ་ཕྲན་མཚོན་ཆ་མེད་བཞིན་དུ་ཨ་མི་རི་ཀས་ཨི་རཀ་ལ་དམག་བརྒྱབ་ནས་ས་ཏམ་ཧུ་སེན་གྱི་སྲིད་གཞུང་མགོ་རྟིང་སློག་ནས་ས་ཏམ་ཧུ་སེན་བསད་པ་མ་ཟད། ཨི་རཀ་གི་ཉམས་མྱོང་ལ་གཞིགས་ནས་ལི་བྷི་ཡའི་གཞུང་གིས་རྡུལ་ཕྲན་མཚོ་ཆ་བཟོ་རྒྱུ་མཚམས་འཇོག་བྱས་ནས་ལི་བྷི་ཡའི་རྡུལ་ཕྲན་ལས་གྲྭ་ཁག་སྒོ་བརྒྱབ་ཀྱང་ཨ་རབ་རྒྱལ་ཁབ་ཁག་ལ་དཔྱིད་ཀྱི་གསར་བརྗེ་ལངས་ནས་ལི་བྷི་ཡའི་འགོ་ཁྲིད་མཱོ་མར་གྷ་དྷ་ཧྥི་དམར་གསོད་བྱུང་ཞིང་། བྱང་ཀོ་རི་ཡའི་གཞུང་གིས་ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པའི་གཏམ་བཤད་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་ཡང་ས་ཏམ་ཧུ་སེན་དང་ལི་བྷི་ཡའི་འགོ་ཁྲིད་མཱོ་མར་གྷ་དྷ་ཧྥི་གཉིས་ཀྱི་རྗེས་སུ་འཇུག་དགོས་ཟེར་གྱི་ཡོད་པའི་གོ་བ་བླངས་འདུག ཨ་རིའི་གཞུང་གིས་བྱང་ཀོ་རི་ཡའི་ཕྱི་སྲིད་བློན་ཆེན་གཞོན་པ་ཀིམ་ཁེ་ཁོན་གྱིས་ངར་སྐད་བསྒྲགས་པ་ཞིག་ཡིན་ནམ། ཡང་ན་ཟླ་བ་རྗེས་མར་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་བྱ་འཆར་ཡོད་པར་ངོ་མར་འགོག་རྐྱེན་ཞིག་འབྱུང་རྒྱུའི་སྔ་ལྟས་ཡིན་མིན་ཚོད་དཔག་བྱ་དགོས་ཐུག་ཅིང་། ཉེ་ཆར་ཕྱི་ཟླ་༤་ཚེས་༢༧་ཉིན་ལྷོ་བྱང་ཀོ་རི་ཡའི་འགོ་ཁྲིད་ཚོ་ཐུག་འཕྲད་གྲོས་མོལ་བྱས་པའི་རྗེས་སུ་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་མཉམ་འབྲེལ་དམག་སྦྱོང་རྒྱུན་སྐྱོང་བྱེད་ཆོག ལྷོ་ཀོ་རི་ཡའི་ས་ཐོག་ཏུ་ཨ་མི་རི་ཀའི་དམག་འགྲེམ་འཇོག་བྱེད་ཡོད་པའང་མཐའ་གཅིག་ཏུ་ཕྱིར་འཐེན་བྱ་དགོས་ཞེས་ཨུ་ཚུགས་རྒྱག་རྒྱུ་མིན་པའི་རྣམ་འགྱུར་བསྟན་མོད། ད་ལྟ་བྱང་ཀོ་རི་ཡའི་ལངས་ཕྱོགས་ལ་གློ་བུར་དུ་འགྱུར་བ་ཐེབས་པ་བྱང་ཀོ་རི་ཡའི་གཞུང་གིས་ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པར་ངོ་རྒོལ་གྱི་རྣམ་འགྱུར་སྟོན་གྱི་ཡོད་པ་ཞིག་ཡིན་ནམ། ཡང་ན་ཇཱོན་བྷོལ་ཊོན་གྱི་སྐད་ཆར་གཞིགས་ནས་བྱང་ཀོ་རི་ཡ་ཨ་མི་རི་ཀའི་ཀུན་སློང་ལ་དོགས་པ་བྱུང་བ་ཡིན་ནམ། དེ་མིན་ན་ཨ་རིའི་སྲིད་འཛིན་ཌོ་ནལ་ཊོམ་དང་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་མ་བྱུང་གོང་དུ་རྒྱ་ནག་གི་སྲིད་འཛིན་ཞིས་ཅིན་ཕིང་དང་བྱང་ཀོ་རི་ཡའི་འགོ་ཁྲིད་ཀིམ་ཇུང་ཨུན་གཉིས་ཐུག་འཕྲད་ཐེངས་གཉིས་བྱུང་སྟེ། རྒྱ་ནག་གིས་བྱང་ཀོ་རི་ཡར་རང་གི་ལངས་ཕྱོགས་མཁྲེགས་འཛིན་བྱ་དགོས་པའི་ངན་སྐུལ་བྱས་པའི་ཤུགས་རྐྱེན་ཡིན་མིན་སོགས་ལ་དོགས་པ་སྣ་ཚོགས་ཤིག་བྱེད་ཀྱི་ཡོད་པ་རེད། ཕྱི་ཟླ་༥་ཚེས་༡༦་འདིར་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་སྐུ་ཚབ་ཁག་ཅིག་ཐུག་འཕྲད་གྲོས་མོལ་བྱ་འཆར་ཡོད་པའང་ཕྱིར་འཐེན་བྱས་ནས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་གནམ་དམག་གི་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱི་ཡོད་པས་ལྷོ་བྱང་ཀོ་རི་ཡའི་མཐོ་རིམ་སྐུ་ཚབ་ཚོའི་ཐུག་འཕྲད་གྲོས་མོལ་ཕྱིར་འཐེན་བྱ་དགོས་ཞེས་བརྡ་ལན་བརྒྱབ་འདུག ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡ་གཉིས་ཀྱིས་དམག་གི་གནམ་གྲུ་༡༠༠་ཙམ་བསྡུས་ནས་མཉམ་འབྲེལ་དམག་སྦྱོང་བྱེད་ཀྱིན་ཡོད་པ་ནི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་ཞི་བདེ་བསྐྲུན་རྒྱུའི་གྲོས་མཐུན་བཞག་པའི་ཡིག་འབྲུ་ཁག་གི་སྣག་ཚ་ཡང་སྐམ་མེད་པ་དེར་རྒྱབ་འགལ་ཞིག་ཡིན། འདི་ནི་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱིས་འབྲེལ་བ་ཡར་རྒྱས་གཏོང་བཞིན་པར་གཏོར་བརླག་ཅིག་ཡིན། བྱང་ཀོ་རི་ཡའི་ལྷག་བསམ་ལའང་ཚོད་ཅིག་ཡོད་ཅེས་རྒོལ་གཏམ་བཏང་སྟེ། ལྷོ་བྱང་ཀོ་རི་ཡའི་འབྲེལ་བ་དང་ཨ་མི་རི་ཀ་དང་བྱང་ཀོ་རི་ཡའི་འབྲེལ་བ་སྡུག་ཏུ་འགྲོ་སྲིད་པའི་ཉེན་ཀ་ཞིག་མངོན། ཨ་རིའི་རྒྱལ་སྲུང་ལྷན་ཁང་གིས་ཨ་མི་རི་ཀ་དང་ལྷོ་ཀོ་རི་ཡའི་གནམ་དམག་གི་མཉམ་འབྲེལ་དམག་སྦྱོང་འདི་ལོ་མང་རིང་རྒྱུན་སྐྱོང་བྱས་ཡོད། དམག་སྦྱོང་འདིའི་ངོ་བོ་ནི་ལྷོ་ཀོ་རི་ཡའི་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་ཞེས་འགྲེལ་བཤད་བརྒྱབ་འདུག ད་དུང་ཨ་རིའི་ཕྱི་སྲིད་ལྷན་ལྷན་ཁང་གིས་ཀྱང་ཀིམ་ཇུང་ཨུན་དང་ཌོ་ནལ་ཊོམ་གྱི་ཐུག་འཕྲད་གྲོས་མོལ་ལ་འགྱུར་བ་མེད། ང་ཚོར་བྱང་ཀོ་རི་ཡ་ནས་ཐད་ཀར་ཕྱོགས་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་རིམ་པའི་ཐུག་འཕྲད་གྲོས་མོལ་ལ་འགྱུར་བ་ཐེབས་པའི་བརྡ་ལན་གང་ཡང་འབྱོར་མ་སོང་ཞེས་གསར་འགོད་པ་ཚོར་འགྲེལ་བཤད་བརྒྱབ་ཡོད་པ་རེད།།

XS
SM
MD
LG