ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཨ་རིའི་གྲོས་ཚོགས་སུ་འགྲོ་བ་མིའི་ཐོབ་ཐང་དང་འདྲ་མཉམ་ལ་ཆེ་བསྟོད་ཞུས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

༄༅། །གཟའ་པ་སངས་ཉིན་རྒྱལ་ས་ཝ་ཤིང་ཊོན་གྱི་ཕོ་བྲང་དཀར་པོའི་ནང་། ཨ་རིའི་སྲིད་འཛིན་ཨོ་བྷ་མ་དང་རྒྱ་ནག་གི་སྲིད་འཛིན་ཞི་ཅི་ཕིང་གཉིས་མཇལ་འཕྲད་གནང་ཞིང་། དགོང་མོར་གསོལ་སྟོན་ རྒྱས་པ་ཕུལ་རྒྱུ་ཡིན་པ་དང་། དུས་མཚུངས་ཨ་རིའི་གྲོས་ཚོགས་སུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་ རྩོད་ལེན་པ་རྣམས་ལ་ཆེ་བསྟོད་ཞུ་ཆེད་རྒྱལ་ཁབ་མེད་པའི་ཞོགས་ཇ་ཟེར་བ་འཚོགས་སོང་། གྲོས་ཚོགས་འོག་མའི་འཐུས་མི་མེཀ་གོ་ཝཎ་ན་ཡིས་ཞོགས་ཇའི་འདུ་འཛོམས་གཙོ་སྐྱོང་གནང་བ་ དང་། ཁོང་གིས་ཨ་མེ་རི་ཀ་ལ་རྒྱལ་ཁབ་ཕྱི་ནང་གཉིས་སུ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་རྒྱུའི་ འགན་ཡོད་ཅེས་དང་། ལྷག་པར་དུ་རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་བརྡལ་ཤིག་འགྲོ་བཞིན་པར་ རྒྱ་ནག་གཞུང་གིས་འགན་ལེན་དུ་བཅུག་ཆེད་སྔར་ལྷག་འབད་རྩོན་བྱེད་དགོས་ཞེས་དང་། ཟླ་བ་སྔོན་མར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་བཙོན་ཁང་དུ་འདས་གྲོངས་ཕྱིན་པ་དང་། ཉེས་མེད་ཉེས་འཛུགས་བྱས་པའི་སྐོར་གསུངས་ཏེ་བོད་དུ་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཞན་པོ་ཡོད་པ་དེ་སྣང་མེད་གཏོང་ཐབས་མེད་ཅེས་གསུངས་འདུག མཛད་སྒོའི་ཐོག་ཤིང་ཟ་རིན་པོ་ཆེས་བོད་སྐད་དུ་ནང་པའི་སྨོན་ལམ་ཞིག་གསུང་སྐབས་མཉམ་ བཞུགས་པ་ཚོས་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་དྲན་གསོ་དང་གུས་འདུད་ཞུས་ ཤིང་། གྲོས་ཚོགས་འོག་མའི་གྲངས་ཉུང་འགོ་ཁྲིད་ལྕམ་པཱེ་ལོ་སི་ཡིས་ཀྱང་བོད་ནང་གི་གནས་སྟངས་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཀྱི་རྣམ་འགྱུར་སྟོན་སོང་། དེ་བཞིན་མངའ་སྡེ་ཊེག་ས་སི་ཡི་གྲོས་ཚོགས་འཐུས་མི་ཤི་ལ་ཇེཀ་སོཎ་གྱིས་ཁོང་རང་བོད་ནང་ཕེབས་མྱོང་ཡོད་པ་དང་། ཁོང་གི་མངའ་སྡེར་༧གོང་ས་རྒྱལ་བ་རིན་པོ་ཆེ་གདན་འདྲེན་ཞུ་མྱོང་ཡོད་ཅེས་བོད་ཀྱི་གནས་སྟངས་དངོས་ལ་རྒྱུད་མངའ་དང་རྒྱབ་སྐྱོར་ཡོད་པར་གསུངས་སོང་། གྲོས་ཚོགས་སུ་ཚོགས་པའི་མཛད་སྒོའི་ཐོག་རྒྱ་ནག་གི་ཐོབ་ཐང་དོན་གཉེར་བ་དང་ལས་འགུལ་བ་དང་། བོད་དོན་ལས་འགུལ་བ། སོག་པོ་དང་ཡུ་གུར་བཅས་ཀྱི་རང་དབང་རྩོད་ལེན་གྱི་འགོ་ཁྲིད་ཕེབས་འདུག ཚེ་རིང་སྐྱིད་ལགས་ཀྱིས་རང་གི་ཚ་བོས་༢༠༡༣ ལོར་འུ་ཐུག་པའི་ཐབས་ལམ་སྟེ་རང་ལུས་མེར་སྲེག་ བཏང་ཏེ་བོད་མིའི་དགོས་འདུན་གསལ་སྟོན་བྱས་པ་རེད་ཅེས་གསུངས་སོང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་གཞོན་པ་བུ་ཆུང་ལགས་ཀྱིས་གྲོས་ཚོགས་དང་ཨ་རིའི་མི་དམངས་ཀྱིས་བོད་ ཀྱི་དངོས་ཡོད་གནས་སྟངས་ལ་དོ་སྣང་ཆེན་པོ་བྱེད་བཞིན་པ་དེ་དམིགས་བསལ་འདུ་འཛོམས་བྱས་པ་ནས་མཚོན་ཐུབ་ཅེས་གསུང་སོང་། ད་ཐེངས་གྲོས་ཚོགས་འཐུས་མི་ལྔ་ཚུད་པའི་མཉམ་བཞུགས་གནང་མཁན་མི་བརྒྱ་ལྷག་གིས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་ཆེ་བསྟོད་ཞུས་ཡོད་པ་རེད།

XS
SM
MD
LG