བོད།

བཙན་དབང་གིས་ཨ་མ་དྲན་པ་བརྒྱལ་འདུག

ཚེ་རིང་བཀྲ་ཤིས།ཚེ་རིང་བཀྲ་ཤིས།
x
ཚེ་རིང་བཀྲ་ཤིས།
ཚེ་རིང་བཀྲ་ཤིས།
པར་གཞིའི་ཚད། - +
ད་རེས་སྤྱི་ཟླ་༡ཚེས་༡༢ཉིན་བོད་ཨ་མདོ་བླ་བྲང་ཁུལ་གྱི་ཨ་མཆོག་སྐྱིད་སྡེ་བའི་བོད་མི་ཚེ་རིང་བཀྲ་ཤིས་ལགས་ཀྱི་སྐུ་ཕུང་ཚེས་༡༣དགོང་དྲོ་གཞུང་ཕྱོགས་ཀྱིས་བཙན་དབང་འོག་ཞུགས་འབུལ་བྱེད་དུ་བཅུག་བཞག

དེ་ཡང་འདི་ག་རླུང་འཕྲིན་ཁང་ལ་བོད་ནས་འབྱོར་བའི་གནས་ཚུལ་ལྟར་ན། སྤྱི་ཚེས་༡༢ཉིན་བོད་མི་ཚེ་རིང་བཀྲ་ཤིས་ལགས་ཀྱིས་རང་སྲེག་ངོ་རྒོལ་རྗེས་འདས་གྲོངས་སུ་སོང་བ་དང་། ཉིན་དེར་ཁོང་གི་སྐུ་ཕུང་ཨ་མཆོག་སྐྱིད་སྡེ་བའི་རང་ཁྱིམ་དུ་གདན་འདྲེན་ཞུ་ཐུབ་ཡོད་ཀྱང་། ཉེན་རྟོག་པ་དང་སྤྱི་བདེ་ལས་ཁུངས་ཀྱི་སྣུམ་འཁོར་མང་པོ་སླེབས་ཏེ་སྐྱིད་སྡེ་བ་ཡོངས་སུ་བསྐོར་ནས་བོད་པའི་སྲོལ་རྒྱུན་བཞིན་འདས་པོ་ཁོང་ལ་བསྔོ་སྨོན་གནང་བར་ཕེབས་མཁན་ཨ་མཆོག་དགོན་པའི་དགེ་མདུན་པ་དང་གདུང་སེམས་མཉམ་སྐྱེད་བྱེད་དུ་ཡོང་མཁན་ཉེ་ཁོར་བོད་མི་རྣམས་བཀག་འགོག་བྱས་ཡོད་འདུག་ལ། དེའི་རྗེས་ཚོ་བའི་ཚོ་དཔོན་བར་དུ་བཏང་ནས་སྐུ་ཕུང་མགྱོགས་མྱུར་ཞུགས་འབུལ་བྱ་དགོས་པའི་བཀའ་བཏང་ཡོད་འདུག སྐབས་དེ་དུས་རང་སྲེག་ངོ་རྒོལ་གནང་མཁན་ཚེ་རིང་བཀྲ་ཤིས་ལགས་ཀྱི་ནང་མི་ཚོས་བོད་མིའི་སྲོལ་རྒྱུན་བཞིན་སྐུ་ཕུང་ཞུགས་འབུལ་ཐད་བླ་མར་ཞུ་དགོས་པ་དང་། ལྷག་པར་དུ་རི་སྡེ་ཚོ་བར་མཆོད་སྦྱིན་ལེགས་འགྲུབ་མ་གནང་བར་སྐུ་ཕུང་ཞུགས་འབུལ་བྱེད་སྲོལ་ཞིག་དེ་སྔ་བོད་ཀྱི་སྲོལ་རྒྱུན་ལུགས་སྲོལ་ཁྲོད་དུ་མེད་པ་སོགས་ཀྱིས་ངོས་ལེན་བྱེད་ཡོད་མི་འདུག ཡིན་ན་ཡང་དེའི་རྗེས་ཀན་ལྷོ་བསང་ཆུ་རྫོང་གི་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་སོགས་ནས་བླ་བྲང་དུ་བཞུགས་ཡོད་པའི་ཨ་མཆོག་དགོན་པའི་བླ་ཆེན་ཨ་ལག་དབང་མ་ཚང་ཨ་མཆོག་དགོན་པར་ཁྲིད་ཡོང་སྟེ་ཚོ་བའི་ཚོ་དཔོན་ཚོ་སྐོང་ནས་གང་མགྱོགས་སྐུ་ཕུང་ཞུགས་འབུལ་བྱ་དགོས་པའི་བཙན་བཀའ་བཏང་འདུག་ལ། ལྷག་པར་དུ་གལ་ཏེ་གནས་ཚུལ་མ་ལེགས་པ་བྱུང་བ་ཡིན་ན། འགན་ཡོད་ཚད་ཁྱེད་ཚོས་ཁུར་དགོས་པ་སོགས་ཉེན་བརྡ་བཏང་བ་དང་། ཡང་སྤྱི་བདེ་ལས་ཁུངས་ཀྱི་འགོ་ཁྲིད་ཀྱིས་མ་གཞི་ནས་ཁྱིམ་ཚང་འདི་ནི་ཏཱ་ལའི་ཁ་བྲལ་བ་དང་འབྲེལ་བ་དམ་པོ་ཡོད་མཁན་ཞིག་ཡིན་པས་རང་འགར་མི་འཇོག་ཚུལ་གྱིས་ཅོག་ཙེ་སྒང་ལ་ཁུ་ཚུར་གྱིས་གཞུས་པ་སོགས་ཚོ་དཔོན་ཚོ་དངངང་འདར་ཤོར་དགོས་པ་བཟོས་པ་སོགས་ཀྱི་གནས་ཚུལ་བྱུང་བརྟེན་ཚེ་རིང་བཀྲ་ཤིས་ཀྱི་ཕ་གདུགས་དཀར་སྐྱབས་ཀྱིས་དོན་དག་ཆེན་པོ་བྱུང་ཚེ་སྡེ་བ་ཚོ་བར་དཀའ་ངལ་མི་ཡོང་ངམ་སྙམ་ཏེ་བླ་ཆེན་ཨ་ལག་དབང་མ་ཚང་གི་བཀའ་བཀོད་ལྟར་སྤྱི་ཚེས་༡༣ཉིན་གྱི་མཚན་མོ་སྐུ་ཕུང་བླ་རི་གུང་སྔོན་ཕྱོགས་ཀྱི་དུར་སར་ཞུགས་འབུལ་བྱས་པ་དང་། སྐུ་ཕུང་ཞུགས་འབུལ་སྐབས་ལ་ཡང་མཚན་མོ་མི་རྣམས་གཉིད་ལ་ཤོར་རྗེས་མི་ཁ་ཤས་ཤིག་ལས་མ་བཏང་བར་ཚེ་རིང་བཀྲ་ཤིས་ཀྱི་ཨ་མས་སྐུ་ཕུང་ཞུགས་འབུལ་དགོས་པའི་བཙན་དབང་གི་བཀའ་དེ་ཐོས་མ་ཐག་དྲན་པ་ཐོར་བས་སྨན་ཁང་དུ་བསྐྱལ་བའི་ལམ་བར་ལ་གཞི་ནས་དྲན་པ་གསོ་ཐུབ་པ་བྱུང་བཞག

ཚེ་རིང་བཀྲ་ཤིས་ལགས་ཀྱིས་སྤྱི་ཟླ་༡ཚེ་༡༢ཉིན་བོད་ཆས་གཙང་མ་ཞིག་གྱོན་ཏེ་བོད་མདོ་སྨད་བསང་ཆུ་རྫོང་ཨ་མཆོག་གྲོང་བརྡལ་གྱི་སྲང་ལམ་ནས་ཉིན་གུང་ཆུ་ཚོད་གཉིས་པ་ཙམ་ལ་རང་ལུས་སུ་ལྕགས་སྐུད་ཀྱིས་བསྡམས་ནས་ཀཱི་ཧོ་ཧོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྐད་འབོད་བྱེད་མེ་ལྕེ་ཁྲོད་ནས་ཁྲོམ་སྐོར་བྱེད་པ་དང་དེའི་རྗེས་སར་འགྱེལ་ཏེ་འདས་གྲོངས་སུ་ཕྱིན་ཡོད། ཁོང་ནི་བོད་ཨ་མདོ་བླ་བྲང་ཁུལ་གྱི་ཨ་མཆོག་སྐྱིད་སྡེ་བ་ནས་ཡིན་ཞིང་། ཁོང་ནི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་དང་མ་ཚེ་རིང་སྒྲོལ་མ་གཉིས་ཀྱི་བུ་གཅིག་པུ་འདི་ཡིན་ལ། ལོ་ན་༢༢ལ་སོན་པའི་ཚེ་རིང་བཀྲ་ཤིས་ལགས་ཀྱི་ཆུང་མའི་མིང་ལ་ཡུམ་མཚོ་སྐྱིད་ཟེར་གྱི་ཡོད་འདུག

ཚེ་རིང་བཀྲ་ཤིས་ལགས་ནི་རྒྱུན་དུ་མི་ཚང་དེའི་མི་རྒྱུད་ཀྱི་ཁྲོད་དུ་གཤིས་བཟང་ཡ་རབས་ཀྱི་བུ་ཆུང་གཅིག་པུ་དེ་ཡིན་པ་དང་། ཆུང་མ་ཡུམ་མཚོ་སྐྱིད་དང་མཉམ་དུ་ཁྱིམ་གྱི་ལས་ཀར་ཧུར་བརྩོན་བྱེད་མཁན་ཞིག་ཡིན་ པ་མ་ཟད། ཆུང་དུས་ནས་རྟ་ནོར་ལུག་གསུམ་ལ་སེམས་གཏིང་ནས་དགའ་ཞིང་། ཆུང་དུས་ནས་རྟ་རྩལ་འགྲན་སྡུར་ཁྲོད་ཡང་ཡང་ཨང་དང་པོ་ལེན་མྱོང་མཁན་ཞིག་ཀྱང་ཡིན་པ་མ་ཟད། ད་དུང་ཁོང་གི་སེམས་ནས་གཅེས་པའི་མདོ་རིག་རྟ་བོ་ཞིག་ཡོད་པ་དེ་སྔ་ཕྱི་རུ་རྫོང་ རིམ་པ་དང་ཁུལ་རིམ་པར་ཨང་དང་པོ་ལེན་མྱོང་ཡོད་འདུག ཚེ་རིང་བཀྲ་ཤིས་ཀྱི་ཁྱིམ་དུ་ཕ་མ་གཉིས་དང་ཆུང་མ་ལས་མེད་པ་དང་། ཁྱིམ་ཚང་གི་དཔལ་འབྱོར་གནས་སྟངས་ཡག་པོ་ཡོད་པ་མ་ཟད། ཁོང་གི་ཕ་གང་སེང་ཚང་གདུགས་དཀར་སྐྱབས་ནི་ལོ་མང་རིང་སྡེ་དཔོན་གྱི་ཕྱག་ལས་གནང་ མྱོང་མཁན་ཞིག་རེད་འདུག
བཙན་དབང་གིས་ཨ་མ་དྲན་པ་བརྒྱལ་འདུག
Loading
12:00:00 / -:--:--
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.
Your JavaScript is turned off or you have an old version of Adobe's Flash Player. Get the latest Flash player.

འབྲེལ་མཐུད་བརྒྱུད་ལམ།