ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཞི་ཅིན་ཕིང་གི་རྐེད་པ་འཆུས་པར་སྨན་བཅོས་དང་དྲག་སྐྱེད།


འདས་པའི་གཟའ་འཁོར་གཉིས་ཀྱི་རིང་དེར་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་མཐོང་ཐོས་མེད་པ་དང་། རྒྱ་ནག་གཞུང་གིས་ཞི་ཅིན་ཕིང་ཕྱི་ལ་མཐོང་ཐོས་མེད་པའི་རྒྱུ་མཚན་ཅི་ཡིན་འགྲེལ་བཤད་གསལ་བོ་ཞིག་རྒྱག་གི་མེད་པས། ད་བར་རྒྱ་ནག་གི་དྲ་རྒྱ་ཁག་ཏུ་ཞི་ཅིན་ཕིང་ལ་ཅི་ཞིག་བྱུང་མིན་ཚོད་དཔག་དང་འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་གི་ཡོད་མོད། འོན་ཀྱང་ཕྱི་ཟླ་༩་ཚེས་༡༤་ཉིན་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་གིས་གནས་ཚུལ་སྤེལ་པ་ལྟར་ན། ཞི་ཅིན་ཕིང་གི་རྐེད་པ་འཆུས་ཏེ་སྨན་བཅོས་བྱས་ནས་དྲག་སྐྱེད་འབྱུང་གི་ཡོད་པ་དང་། གཅིག་བཏང་ན་ཉི་མ་རེ་ཟུང་ཞིག་གི་རྗེས་སུ་ཞི་ཅིན་ཕིང་ཕྱི་ལ་ཐོན་ཐུབ་པའི་རྟགས་འདུག་ཅེས་གནས་ཚུལ་སྤེལ་ཏེ།

ད་སྔ་པའོ་ཞི་ལེའི་རྒྱབ་སྐོར་པ་ཚོས་ཞི་ཅིན་ཕིང་གི་རླངས་འཁོར་རྡུང་ག་བརྒྱབ་སྟེ་ཞི་ཅིན་ཕིང་ལ་རྨས་སྐྱོན་ཕོག་པ་རེད་ཟེར་པ་དང་། མི་ཁག་ཅིག་གིས་ཞི་ཅིན་ཕིང་ལ་སྙིང་གི་ན་ཚ་བྱུང་ནས་གྲིབ་སྐྱོན་ཕོག་པ་རེད་ཟེར། མི་ཁག་ཅིག་གིས་ཞིན་ཅིན་ཕིང་ལ་སྐྲན་ནད་བྱུང་སྟེ་གཤག་བཅོས་བྱས་པ་རེད་ཟེར་པ་དང་། ད་དུང་མི་ཁག་ཅིག་གིས་ཞི་ཅིན་ཕིང་ལ་ཆབ་སྲིད་ཀྱི་བྱུས་ཉེས་བྱུང་སྟེ་མཐོང་ཐོས་མེད་པར་གྱུར་པ་རེད་ཅེས་འགྲེལ་བཤད་སྣ་ཚོགས་ཤིག་རྒྱག་གི་ཡོད་པ་དེ་དང་མ་འདྲ་བའི་གནས་ཚུལ་ཐ་དད་ཅིག་སྤེལ་ཡོད་པ་རེད། རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་འབྲེལ་བ་དམ་ཟབ་ཡོད་པའི་གནས་ཚུལ་འབྱུང་ཁུངས་གསུམ་གྱིས་རོ་ཡེ་ཀྲར་གསར་འགྱུར་ལས་ཁང་ལ་བཤད་པ་ལྟར་ན། རང་ལོ་༥༩་ལ་སོན་པའི་རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གི་རྐེད་པ་འཆུས་ཏེ། ཁོང་ལ་སྨན་ཁང་དང་སྨན་པ་ཚོས་སློབ་སྟོན་བྱས་པ་ལྟར་འདས་པའི་ཉི་མ་དེ་དག་གི་རིང་ལ་ལུས་ཁམས་གསོ་ཐབས་དང་། ཁོང་གིས་ཕྱི་ཟླ་༡༠་ཟླ་མཇུག་ལ་འཚོགས་འཆར་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པར་གྲ་སྒྲིག་བྱེད་བཞིན་ཡོད། རྒྱ་ནག་གི་སྲིད་འཛིན་གཞོན་པ་ཞི་ཅིན་ཕིང་གི་རྐེད་པའི་རྩ་འཆུས་དགོས་དོན་དེ་ནི། ཕྱི་ཟླ་༩་ཚེས་༤་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཧི་ལ་རི་ཁེ་ལིན་ཀྲོན་རྒྱ་ནག་ལ་འཚམས་འདྲིར་མ་ཕེབས་གོང་དུ་ཞི་ཅིན་ཕིང་གིས་ཀྲུང་ནན་ཧེར་རྐྱལ་བརྒྱབ་ནས་རྐེད་པ་འཆུས་པ་དང་། དེར་བརྟེན་ཞི་ཅིན་ཕིང་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་སེང་ག་པུར་གྱི་སྲིད་བློན། ར་ཤི་ཡའི་གཞུང་འབྲེལ་མི་སྣ་ཞིག་དང་ཌན་མག་གི་སྲིད་བློན་བཅས་ལ་ཐུག་འཕྲད་བྱ་རྒྱུའི་མཛད་རིམ་གཏན་འབེབས་བྱས་ཡོད་པ་རྣམས་ཕྱིར་འཐེན་བྱ་དགོས་ཐུག་ཡོད་ཅེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG