ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཐེ་ཝན་གྱི་ནང་ཉི་ཧོང་དང་རྒྱ་ནག་གིས་ཉེན་སྐྱོབ་ལས་དོན་རུ་ཁག་བཏང་ཡོད་པ།


ཐེ་ཝན་གྱི་ལྷོ་ཕྱོགས་ཁུལ་དུ་ རེས་གཟའ་སྤེན་པའི་ཉིན་ བསྟོར་ཚབས་ཆེ་བའི་ས་ཡོམ་ཞིག་བརྒྱབས་ཏེ་ ད་ཕན་མི་གྲངས་༢༩སྐོར་ལ་སྲོག་སྐྱོན་དང་ བརྒྱ་ཕྲག་ཁ་ཤས་ལ་རྨས་སྐྱོན་བྱུང་བ་མ་ཟད་ ད་དུང་བརྒྱ་ལྷག་ཁང་པ་ཞིག་རོའི་འོག་ཚུད་ནས་ འཆི་སོན་ཇི་ཡིན་ཤེས་རྟོགས་མེད་པར་གྱུར་ཡོད་སྟབས་ མི་དེ་དག་འདོན་རྒྱུའི་ཛ་དྲག་ཉེན་སྐྱོབ་ཀྱི་ལས་དོན་ལ་རོགས་སྐྱོར་བྱ་རྒྱུའི་ཆེད་དུ་ ཉི་ཧོང་གིས་ཞིབ་འཇུག་ལས་དོན་རུ་ཁག་གཅིག་དང་ རྒྱ་ནག་གིས་སྲོག་སྐྱོབ་ལས་དོན་རུ་ཁག་གཅིག་མངགས་གཏོང་བྱས་ཡོད་འདུག་ དེ་ཡང་ མི་གྲངས་ལྔ་ཡོད་པའི་ཉི་ཧོང་གི་ལས་དོན་རུ་ཁག་དེ་ ས་ཡོམ་གྱི་གནོད་སྐྱོན་ཆེ་ཤོས་བྱུང་ཡུལ་ཏཱེ་ནྷན་གྲོང་ཁྱེར་དུ་བསྐྱོད་དེ་ གྲོང་ཁྱེར་དེའི་སྤྱི་ཁྱབ་ལཱེ་ ཅིང་ཏཱེ་དང་ཐུག་འཕྲད་བྱས་པ་དང་ གྲོང་ཁྱེར་དེའི་ཡཱོང་ཁང་རྫོང་གི་ནང་ཡོད་པའི་གྲོང་མིའི་སྡོད་ཁང་ཐོག་རྩེག་བཅུ་དྲུག་ཅན་ཞིག་ལོག་སྟེ་ ད་ཕན་སྲོག་སྐྱོན་བྱུང་བ་མང་ཆེ་བ་དེ་ནས་ཡིན་པ་མ་ཟད་ ད་དུང་བརྒྱ་ལྷག་གར་སོང་ཆ་མེད་དུ་གྱུར་ཡོད་པ་དེ་དག་ཀྱང་ ཁང་པ་དེའི་ཞིག་རོའི་འོག་ཚུད་ཡོད་སྟབས་ ཉི་ཧོང་གི་ཞིབ་འཇུག་པ་དེ་རྣམས་ཀྱིས་མི་དེ་རྣམས་འདོན་ཐབས་བྱ་ཕྱོགས་ཀྱི་ཐད་ཞིབ་འཇུག་བྱས་ཡོད་པ་དང་ ཁོང་རྣམས་ཀྱིས་ དེ་གར་མི་འཚོལ་ཞིབ་དང་སྲོག་སྐྱོབ་ཀྱི་ལས་དོན་བྱེད་མཁན་ཐེ་ཝན་གཞུང་གི་ལས་དོན་མི་སྣ་ཚོར་སློབ་སྟོན་བྱ་རྒྱུའི་འཆར་གཞི་ཡོད་འདུག་ དེའི་བར་ན་ཡང་ གྲགས་ཆེ་བའི་རྒྱ་ནག་གི་སྲོག་སྐྱོབ་ལས་དོན་རུ་ཁག་གི་མི་གཉིས་ རེས་གཟའ་སྤེན་པའི་ཉིན་ ཐེ་ཝན་གྱི་ནང་འབྱོར་ཡོད་པ་དང་ དེ་རྗེས་ཡང་མི་གྲངས་༡༢ཁ་སྣོན་འབྱོར་ཡོད་ཅིང་ རྒྱ་ནག་གི་ལས་དོན་རུ་ཁག་དེས་ སྔ་ལོ་བལ་ཡུལ་ལ་ས་ཡོམ་གྱི་གནོད་སྐྱོན་ཚབས་ཆེ་བྱུང་བའི་སྐབས་ ཁང་པ་ཞིག་རོའི་འོག་ནས་མི་འདོན་རྒྱུ་དང་ འཚོལ་ཞིབ་བྱ་རྒྱུ་བཅས་ཀྱི་ལས་དོན་ལ་རོགས་སྐྱོར་བྱས་ཡོད་པ་རེད།

XS
SM
MD
LG