ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

དཔལ་དོན་གྲུབ་རྒྱལ་རྗེས་དྲན།


ཡུ་རོབ་ནང་གི་བོད་མི་ཚོས་དཔལ་དོན་གྲུབ་རྒྱལ་ལ་རྗེས་དྲན་གྱི་བགྲོ་གླེང་ཐེངས་དང་པོ་འཚོགས་ཏེ་ཡུ་རོབ་རྒྱལ་ཁབ་འདྲ་མིན་དང་ཨ་རི་སོགས་ནས་བོད་པའི་རྩོམ་པ་པོ་ཁག་ཅིག་མཉམ་ཞུགས་གནང་འདུག ཕྱི་ཟླ་༡༡ཚེས་༢༨ཉིན། ཡུ་རོབ་བོད་རིགས་གཞོན་ནུའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག སུད་སི་གྲོང་ཁྱེར་ཛུ་རིག་ནང་། དཔལ་དོན་གྲུབ་རྒྱལ་ལམ་རང་གྲོལ་ལགས་སྐུ་གཤེགས་ནས་མི་ལོ་སུམ་བཅུ་འཁོར་བའི་དུས་དང་བསྟུན་ཏེ། ༼ ལང་ཚོའི་རྦབ་ཆུ་དང་བོད་ཀྱི་དེང་རབས་རྩོམ་རིག ༽ ཅེས་པའི་བརྗོད་གཞིའི་ཐོག་བོད་ཀྱི་དེང་རབས་རྩོམ་རིག་དང་འབྲེལ་བའི་གླེང་མོལ་གནང་ཡོད།

དུས་དྲན་འདུ་འཛོམས་ཐོག་དབྱིན་ཡུལ་གྱི་སྐད་གྲགས་ཆེ་བའི་ཨོ་ཁི་སི་ཧྥོར་ཌི་གཙུག་ལག་ སློབ་གྲྭ་ཆེན་མོའི་བོད་ཀྱི་རྩོམ་རིག་དགེ་རྒན་དང་། བོད་དང་ཧི་མ་ལའི་རིག་གནས་ཉམས་ཞིབ་པ་བླ་མ་སྐྱབས་ལགས་དང་། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་དང་སྤྱི་ཟུར་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་གཙོས་ཡུ་རོབ་རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་གཞོན་སྐྱེས་རྩོམ་རིགས་ལ་དོ་སྣང་ཅན་༤༠ མཉམ་ཞུགས་གནང་འདུག

རྗེས་དྲན་བགྲོ་གླེང་འདིའི་ཐོག་ཨ་རིར་གནས་སྡོད་པ་བོད་ཀྱི་རྩོམ་པ་པོ་དང་མདོ་སྨད་སྤྱི་ཟུར་ཧོར་གཙང་འཇིགས་མེད་ལགས་ཀྱིས་དྲ་ཐོག་བརྒྱུད་དོན་གྲུབ་རྒྱལ་ལགས་ལ་ངོས་འཛིན་གནང་སྟངས་དང་། བོད་ཀྱི་དེང་རབས་རྩོམ་རིག་སྐོར་དང་འབྲེལ་བའི་གཏམ་བཤད་གནང་ཞིང་། སྐུ་ཞབས་བླ་མ་སྐྱབས་ལགས་ཀྱིས་ལང་ཚོའི་རྦབ་ཆུ་གཙོས་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་ཁག་ཅིག་དབྱིན་སྐད་ཐོག་ངོ་སྤྲོད་འགྲེལ་བཤད། ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་དོན་གྲུབ་རྒྱལ་དང་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་ཁག་ལ་གདེང་འཇོག་ཇི་ལྟར་གནང་མིན་སོགས་ལ་གཏམ་བཤད་དང་གླེང་མོལ་གནང་ཡོད། དེ་བཞིན་དུ་མཉམ་ཞུགས་པ་ཚོས་དྲི་བ་དང་བསམ་ཚུལ་བརྗེ་རེས་སོགས་གནང་ཡོད། དེ་བཞིན་དུ་མདོ་སྨད་གཅན་ཚ་དང་། མགོ་ལོག་གཅིག་སྒྲིལ། ཀན་སུའུ་མི་རིགས་དགེ་འོས་སློབ་གྲྭ་ཆེན་མོ།། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཛོད་དགེ་བོད་ཡིག་སློབ་འབྲིང་། སི་ཁྲོན་ཁྱུང་མཆུ། ཁམས་སྡེ་དགེ། ལྷ་ས་སློབ་འབྲིང་། སྟོད་མངའ་རིས་སོགས་སུའང་དཔལ་དོན་གྲུབ་རྒྱལ་རྗེས་དྲན་གྱི་མཛད་སྒོ་འཚོགས་པའི་འདྲ་པར་དང་། བརྙན་པར་སོགས་སྤྱི་ཚོགས་འབྲེལ་མཐུད་དྲ་རྒྱའི་ངོས་སུ་མང་དུ་ཐོན་བཞིན་པ་རེད། དོན་གྲུབ་རྒྱལ་ལམ་སྨྱུག་མིང་ལ་རང་གྲོལ་ཞུ་བ་ཁོང་ནི་༡༩༥༣་ལོར་མདོ་སྨད་གཅན་ཚ་དགུ་རོང་དུ་སྐུ་འཁྲུངས་པ་དང་། པེ་ཅིང་དུ་ཡོད་པའི་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་བོད་ཡིག་གནའ་རྩོམ་ཞིབ་འཇུག་ཐད་ཀྱི་ཞིབ་འཇུག་སློབ་མ་བྱས་ཏེ། མཐར་ཕྱིན་རྗེས་སློབ་ཆེན་དེ་རུ་དགེ་རྒན་གྱི་ཕྱག་ལས་གནང་བ་རེད། ཁོང་གི་གསུང་རྩོམ་གྱི་གྲས་སུ་རང་མོས་སྙན་ངག་༼ལང་ཚོའི་རྦབ་ཆུ་༽་དང་། ལྷུག་རྩོམ་༼རྐང་ལམ་ཕྲ་མོ་༽། ༼བོད་ཀྱི་མགུར་གླུའི་བྱུང་འཕེལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རིག་པའི་ཁྱེའུ་རྣམ་པར་རྩེན་པའི་སྐྱེད་ཚལ་༽་སོགས་མང་དུ་ཡོད། དོན་གྲུབ་རྒྱལ་ལགས་༡༩༨༥་ལོའི་ཟླ་༡༡་ཚེས་༣༠་ཉིན་ཚེ་འདས་སུ་གྱུར་བ་རེད།།

XS
SM
MD
LG