ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་རང་སྐྱོང་ལྗོངས་ཀྱི་ལོ་འཁོར་ལྔ་བཅུའི་དུས་སྟོན་དང་དམ་དྲག


Tibetan Buddhists and tourists view a huge Thangka, a religious silk embroidery or painting displaying a Buddha portrait, during the Shoton Festival at Drepung Monastery in Lhasa, Tibet Autonomous Region, China, Aug. 14, 2015.
Tibetan Buddhists and tourists view a huge Thangka, a religious silk embroidery or painting displaying a Buddha portrait, during the Shoton Festival at Drepung Monastery in Lhasa, Tibet Autonomous Region, China, Aug. 14, 2015.

༄༅།།ཕྱི་ཟླ་དགུ་བའི་ཚེས་༡་ཉིན་ནི་བོད་རང་སྐྱོང་ལྗོངས་ཟེར་བ་ཚུགས་ནས་ལོ་༥༠་འཁོར་བའི་དུས་དྲན་ཡིན་པ་དང་། རྒྱ་ནག་གཞུང་གིས་ལོ་ལྔ་བཅུ་འཁོར་བའི་དུས་སྟོན་འདིར་ཁྱབ་བསྒྲགས་དང་གྲ་སྒྲིག་ཤུགས་ཆེན་བྱེད་བཞིན་པའི་སྐབས་འདིར། བོད་རང་སྐྱོང་ལྗོངས་སུ་དམ་དྲག་ཀྱང་ཤུགས་ཆེ་རུ་བཏང་འདུག དུས་སྟོན་གོ་སྒྲིག་ཚོགས་ཆུང་གིས་བོད་རང་སྐྱོང་ལྗོངས་ཚུགས་ནས་ལོ་༥༠་འཁོར་བའི་དྲིལ་བསྒྲགས་རྩ་དོན་ཞེས་པ་ཞིག་སྤེལ་ཡོད་པ་དང་། དེའི་ནང་དུ་གཙོ་བོར་ཚན་པ་གཉིས་བཀོད་ཡོད་ལ། གཅིག་ནི་ལོ་རྒྱུས་ཀྱི་སྐོར་ཡིན་པ་དང་། དེའི་ནང་ནམ་རྒྱུན་ལྟར་བོད་ནི་མུན་ནག་གི་སྤྱི་ཚོགས་ནས་ཐར་ཏེ་ཞི་བའི་བཅིངས་འགྲོལ་བྱས་ཟེར་བ་སོགས་བཀོད་ཡོད། ཚན་པ་གཉིས་པ་དེ་རུ་རྒྱ་ནག་དམར་ཤོག་ཚོགས་པའི་ཚང་འཛོིམས་གྲོས་ཚོགས་ཐེངས་བཅོ་བརྒྱད་པ་ནས་ད་རག་བར་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་དང་། བརྟན་འཇགས། མི་རིགས་མཐུན་སྒྲིལ། ཆོས་ལུགས། མི་དམངས་ཀྱི་འཚོ་བ། ཁོར་ཡུག ཏང་གི་འཛུགས་སྐྲུན། རྒྱལ་མཚམས་ཀྱི་བདེ་འཇགས་ཐད་གྲུབ་འབྲས་བྱུང་བ་བཀོད་ཡོད།། དེ་བཞིན་དུ་གོ་སྒྲིག་ཚོགས་ཆུང་འདི་ཡིས་དུས་སྟོན་འདིའི་དྲན་རྟེན་རྟགས་མ་གཏན་འབེབ་བྱས་ཤིང་། དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ལྔ་བཅུ་འཁོར་བ་ཟེར་བ་བོད་ཡིག་དང་རྒྱ་ཡིག་གཉིས་ཀའི་ནང་བྲིས་ཏེ་དབྱིབས་སྒོར་སྒོར་གྱི་ཐམ་ཀ་ལྟ་བུ་ཞིག་ཡིན་པ་དང་། དེའི་བར་དཀྱིལ་དུ་ཕོ་བྲང་པོ་ཏ་ལ་ཡི་པར་དང་། རྒྱ་ནག་གི་རྒྱལ་དར་དང་ཁ་བཏགས་སོགས་མཉམ་དུ་བསྲེས་པའི་ཨང་ཀི་༥༠་ཆེན་པོ་ཞིག་བྲིས་ཡོད།། རྒྱ་ནག་སྦྲགས་ཁང་གིས་གསལ་བསྒྲགས་ཤིག་སྤེལ་ནས་ཕྱི་ཟླ་དགུ་བའི་ཟླ་དཀྱིལ་དུ་ལྷ་ས་རུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་༥༠་འཁོར་བའི་དུས་དྲན་སྲུང་བརྩི་བྱ་རྒྱུ་ཡིན་ཕྱིར། བདེ་འཇགས་ཀྱི་ཆེད་ཕྱི་ཟླ་བརྒྱད་པའི་ཚེས་༢༠་ནས་དགུ་བའི་ཚེས་༡༢་བར་བོད་རང་སྐྱོང་ལྗོངས་སུ་མགྱོགས་འཕྲིན་གྱི་གཏོང་མཁན་རྣམས་མི་ངོ་འཕྲོད་པ་བྱེད་དགོས་ཞེས་བཀའ་ཕབས་ཡོད།། དུས་སྟོན་འདི་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གི་དམག་མི་དང་དྲག་ཆས་སྤྲས་པའི་ཉེན་རྟོིག་མི་སྣ་མང་པོ་ཞིག་ཀྱང་ལྷ་སའི་ཕྱོགས་སུ་སླེབས་ཏེ་ལྟ་རྟོག་དང་ཞིབ་བཤེར་བྱེད་བཞིན་པ་རེད།། བཞུགས་སྒར་དྷ་རམ་ས་ལར་རྟེན་གཞི་བྱས་ཡོད་པའི་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། རྒྱ་གཞུང་གིས་དུས་སྟོན་བྱ་འགུལ་དེ་འདྲ་ཞིག་སྤེལ་དགོས་པའི་རྒྱུ་མཚན་ནི། རྒྱ་དམར་གཞུང་གིས་བོད་ཡོངས་ལ་བཙན་འཛུལ་དྲག་གནོན་དབང་བསྒྱུར་གྱིས་མི་སེར་སྤེལ་བའི་སྲིད་ཇུས་དེར། བོད་མི་རིགས་ཀྱིས་ད་ལྟའི་བར་ཁྲིམས་མཐུན་ངོས་ལེན་མ་བྱས་པར་ངོ་རྒོལ་ལས་འགུལ་ཟམ་མ་ཆད་པར་བྱུང་བ་དང་། ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོ་དང་རང་ལུས་མེར་སྲེག་གི་ཞི་བའི་ངོ་རྒོལ་བྱུང་སྟེ། འཛམ་གླིང་རྒྱལ་སྤྱིའི་སྟེང་བོད་ནང་གི་དཀའ་སྡུག་གནས་སྟངས་ཐད་སྔར་ལྷག་དོ་སྣང་སླེབས་བཞིན་པའི་རྐྱེན་གྱིས། རྒྱ་གཞུང་གིས་དྲག་གནོན་དང་བཀག་སྡོམ་གྱི་སྒེར་གཅོད་ཁོ་ནར་བརྟེན་ནས་བོད་དུ་དབང་བསྒྱུར་བཞིན་པའི་ཁྲིམས་འགལ་གྱི་ངོ་བོ་སྦས་གསང་བྱ་ཐབས་ཁོ་ནར་དམིགས་ཏེ། ཆབ་སྲིད་དྲིལ་བསྒྲགས་ཀྱི་དུས་སྟོན་བྱ་འགུལ་དེ་རིགས་སྤེལ་ནས་བོད་རིགས་མི་དམངས་ཀྱིས་དགའ་སྐྱིད་ཀྱི་འཚོ་བར་རོལ་བཞིན་པ་དང་། བོད་མི་ཚོས་རྒྱ་དམར་གྱི་དབང་བསྒྱུར་ལ་དགའ་མོས་ཡོད་པའི་སྣང་བརྙན་འཁྲབ་སྟོན་བརྒྱུད་ནས། རྒྱལ་སྤྱིའི་སྒྲིག་འཛུགས་དང་འཛམ་གླིང་མི་དམངས་ལ་བསླུ་བྲིད་དང་། རྒྱ་དམར་གཞུང་གི་དྲག་གནོན་དབང་བསྒྱུར་དེ་ཁྲིམས་མཐུན་ཡིན་པའི་སྣང་བརྙན་བསྐྲུན་ཐབས་བྱེད་བཞིན་ཡོད་ཟེར།། རྒྱ་ནག་གཞུང་གིས་ཕྱི་ཟླ་དགུ་བ་ནི་ཚོར་བ་སྐྱེན་པོ་ཡིན་པའི་ཚེས་དུས་ཀྱི་ཁོངས་སུ་བརྩིས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་ལ་འགྲོ་མཁན་གྱི་ལྟ་སྐོར་བ་ལའང་སྟངས་འཛིན་ཤུགས་ཆེན་པོ་བྱས་ཡོད་པའི་གནས་ཚུལ་ཐོན་ཡོད། ད་རུང་རྒྱ་ནག་གི་བོད་ལྗོངས་ལས་དོན་ཚོགས་ཆེན་ཐེངས་དྲུག་པ་དེའང་དུས་སྟོན་འདིའི་ཡས་མས་སུ་འཚོག་འཆར་ཡོད་པའི་གནས་ཚུལ་ཐོན་བཞིན་པ་རེད།།

XS
SM
MD
LG