ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

ནང་པའི་གྲྭ་བཙུན་ཚོས་བལ་ཡུལ་གྱི་ས་ཡོམ་གོད་ཆག་ལ་རོགས་སྐྱོར།


བལ་ཡུལ་དུ་གནས་སྡོད་བོད་པའི་གྲྭ་བཙུན་ཚོས་ཡོམ་གྱི་གོད་ཆག་ཚབས་ཆེན་མྱོང་བཞིན་པའི་བལ་བོའི་མི་མང་ལ་ངལ་སེལ་རོགས་སྐྱོབ་རྒྱ་ཆེན་ཞིག་བྱེད་ཀྱི་ཡོད་ཅིང་། དཔེར་ན་བལ་ཡུལ་ལ་ས་འགུལ་རྒྱུག་པའི་ཉིན་དང་པོ་དང་གཉིས་པ་ནས་འགོ་བཙུགས་ཏེ་བལ་ཡུལ་ནང་ལ་ཡོད་པའི་བོད་བརྒྱུད་ནང་བསྟན་གྱི་དགོན་པ་གྲྭ་ཚང་ཁག་དང་བཙུན་དགོན་ཁག་གི་གྲྭ་བཙུན་པ་ཚོས་མ་བསྐུལ་དང་བླངས་ཀྱི་སྒོ་ནས་ས་ཡོམ་གྱི་དཀའ་སྡུག་འོག་ཏུ་ལྷུང་བའི་མི་མང་རྣམས་ཉེན་སྐྱོབ་དང་སྨན་བཅོས། ཁོ་ཚོར་བཟའ་བཏུང་དང་སྡོད་གུར། གྱོན་གོས་་བཅས་ཛ་དྲག་གི་རོགས་སྐྱོབ་ཧ་ཅང་ཕན་ནུས་ལྡན་པ་ཞིག་བསྒྲུབས་དང་སྒྲུབ་བཞིན་ཡོད་པ་རྣམས་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་ཐོན་འདུག བལ་ཡུལ་གྱི་ས་ཡོམ་ལ་རོགས་སྐྱོར་ལས་དོན་སྒྲུབ་བཞིན་པའི་བོད་པའི་དགོན་པ་གྲྭ་ཚང་ཁག་དང་བཙུན་དགོན་མང་ཆེ་བར་བལ་བོ་རྣམས་དང་གཅིག་མཚུངས་སུ་ས་ཡོམ་གྱི་གོད་ཆག་གང་འཚམ་རེ་ཕོག་ཀྱང་བོད་པའི་གྲྭ་བཙུན་མང་པོ་ཞིག་ས་ཡོམ་གྱི་གོད་ཆག་ཤུགས་བྱུང་ཡུལ་ས་ཁུག་ལུང་ཁུག་ཁག་ལ་ཆེད་བསྐྱོད་ཀྱིས་ས་གནས་དེ་དག་གི་མི་མང་ལ་རོགས་ཕན་སྒྲུབ་བཞིན་ཡོད་པའི་གནས་ཚུལ་ཐོན་ཡོད་པ་སྟེ། བལ་ཡུལ་ནང་བསྟན་མཐུན་ཚོགས་ཀྱིས་ཡོམ་གྱི་གོད་ཆག་བྱུང་བའི་ས་གནས་མི་མང་ལ་བཟའ་བཏུང་གི་རིགས་དང་འཐུང་ཆུ། སྡོད་གུར་དང་སྨན་སོགས་ཀྱི་ཐུན་རྐྱེན་རོགས་རམ་གནང་བཞིན་ཡོད་པ་དང་། བལ་ཡུལ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་འཇིགས་གྲོལ་ལགས་ཀྱིས་འགྲེལ་བརྗོད་གནང་བ་ལྟར་ན་མཐུན་ཚོགས་དེའི་ཁོངས་སུ་བལ་ཡུལ་ནང་གི་དགོན་པ་དང་བཙུན་དགོན་མང་པོ་ཞིག་ཚུད་ཡོད་པ་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG