ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

སྲོག་ཐོག་ཏུ་གཏང་རྒྱུའི་བཅད་ཁྲ་བཏང་བའི་གྲངས་འབོར་ཇེ་མཐོར་འཕར་ཡོད་པ།


སྔ་ལོ་འཛམ་གླིང་ཁྱོན་ཡོངས་ཀྱི་ནང་། མི་སྲོག་ཐོག་ཏུ་བཏང་བ་དང་། སྲོག་ཐོག་ཏུ་གཏང་རྒྱུའི་བཅད་ཁྲ་བཏང་བའི་གནས་ཚུལ་ཇི་བྱུང་གི་ཐད། རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ཞིབ་འཇུག་བྱས་ཏེ་སྙན་ཐོ་ཞིག་བཏོན་ཡོད་པ་དེའི་ནང་། སྔ་ལོ། དཀྱིལ་ཤར་ཡུལ་གྲུ་ཨི་ཇེབྷྲ་དང་། ཨ་ཕྷི་རི་ཀའི་ཡུལ་གྲུ་ནཱ་ཡི་ཇྷི་རི་ཡཱ་བཅས་གཉིས་ཀྱི་ནང་གཅིག་པུར། མི་གྲངས་ཆིག་སྟོང་ལྷག་ལ་སྲོག་ཐོག་ཏུ་གཏང་རྒྱུའི་བཅད་ཁྲ་བཏང་ཡོད་པ་དེ་ནི། འཛམ་གླིང་སྤྱིའི་ཁྱོན་འབོར་གྱི་གསུམ་ཆ་གཅིག་ལྷག་ཙམ་ཞིག་ཡིན་པ་འཐེར་འདོན་བྱས་ཡོད་འདུག འདས་པའི་ཕྱི་ལོ་༢༠༡༤ལོ་དེར། འཛམ་གླིང་གི་རྒྱལ་ཁབ་ལྔ་བཅུ་ང་ལྔའི་ནང་། མི་གྲངས་༢༤༦༦ལ་སྲོག་ཐོག་ཏུ་གཏང་རྒྱུུའི་བཅད་ཁྲ་བཏང་ཡོད་པ་དེ་ནི། དེའི་གོང་གི་ལོ་ལས་བརྒྱ་ཆ་༢༨མང་དུ་ཕྱིན་པ་ཞིག་ཡིན་ཞིང་། ཡང་། སྔ་ལོ། རྒྱལ་ཁབ་ཉི་ཤུ་རྩ་གཉིས་ཀྱི་ནང་། མི་གྲངས་༦༠༧ དངོས་སུ་སྲོག་ཐོག་ཏུ་བཏང་ཡོད་པ་དེ་ནི། ཕྱི་ལོ་༢༠༡༣ལོ་དང་བསྡུར་ན། བརྒྱ་ཆ་༢༢མིན་ཙམ་ཞིག་ཉུང་དུ་ཕྱིན་པ་ཞིག་ཡིན་པ་རེད། དེ་ལྟར་ནའང་། དམར་ཤོག་བྱང་ཀོ་རི་ཡ་ནི། འཛམ་གླིང་ཕྱི་ཕྱོགས་ལ་སྒོ་བརྒྱབས་ཏེ། དེའི་ནང་བྱུང་བའི་གནས་ཚུལ་རྣམས་ཤེས་རྟོགས་བྱེད་ཐུབ་ཐབས་བྲལ་བ་དང་། ཕྱོགས་མཚུངས། རྒྱ་ནག་གཞུང་གིས། གནས་ཚུལ་དེ་ཚོའི་གྲས་རྒྱལ་ཁབ་ཀྱི་གསང་བའི་གྲས་ལ་ངོས་འཛིན་བྱས་ཏེ། ཕྱི་ཕྱོགས་ལ་ཤོད་ཀྱི་མེད་པ་བཅས་ཀྱི་རྒྱུ་མཚན་ལ་བརྟེན་ནས། གོང་ཞུས་ཀྱི་གྲངས་འབོར་དེ་གཉིས་ཀ་ཡང་། ཆ་ཚང་བ་ཞིག་གཏན་ནས་མིན་པ། རྒྱལ་སྤྱིའི་ཉེས་ཡང་འགྲོ་བ་མིའི་ཐོབ་ཐང་ཚོགས་པས་འགྲེལ་བརྗོད་བྱེད་ཀྱི་ཡོད་འདུག

XS
SM
MD
LG