ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

སྐུ་འབུམ་བཅོ་ལྔ་མཆོད་པར་དམ་བསྒྲགས།


རྒྱ་ནག་གི་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་བརྒྱུད་བོད་མི་ཚོས་བརྙན་པར་དང་པར་རིས་ཀྱི་གནས་ཚུལ་བཀོད་པ་ལས་ཤེས་གསལ་ལྟར་ན། བོད་མདོ་སྨད་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་གྱི་ཉེ་འཁྲིད་ལ་ཡོད་པའི་སྐུ་འབུམ་བྱམས་པ་གླིང་གི་དགོན་པའི་བཅོ་ལྔ་མཆོད་པའི་སྐབས་སུ་དགོན་པའི་ནང་ལ་དྲག་ཆས་སྤྲས་པའི་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་རུ་སྟར་སྒྲིག་པ་དང་དམག་སྦྱོང་བྱེད་པ་སོགས་མང་ཚོགས་ལ་འཇིགས་སྐུལ་བྱས་ཡོད་འདུག

ལོ་རེའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རབ་བྱུང་བདུན་པའི་ས་གླང་ལོ་སྟེ་སྤྱི་ལོ་༡༤༠༩ལོར་རྗེ་ཙོང་ཁ་པ་ཆེན་པོས་དབུ་བཙུགས་གནང་ཞིང་། ད་ལྟ་ཕལ་ཆེར་བོད་ས་ཁྱོན་ཡོངས་སུ་ལུགས་སྲོལ་འདི་དར་ཡོད། རྒྱ་ནག་གིས་ཐོག་མར་བོད་ས་བཙན་བཟུང་བྱས་རྗེས་ལོ་རབས་དྲུག་བཅུ་དང་བདུན་བཅུའི་ནང་ལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་བཀག་ཡོད།

སྤྱི་ལོ་༢༠༠༨ལོ་ནས་བོད་ཀྱི་དགོན་སྡེ་ཁག་ཏུ་ཆོ་འཕྲུལ་སྨོན་ལམ་ལྟ་བུའི་ཆོས་ཕྱོགས་ཀྱི་བྱེད་སྒོ་ཁག་ལ་བསྐྱར་དུ་དམ་བསྒྲགས་གནས་སྟངས་ངང་གནས་ཡོད་ལ། སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་གལ་ཆེན་འདིའི་སྐབས་སུ་མཆོད་པ་མཇལ་བར་བཅར་མཁན་ཕྱོགས་མཐའ་ནས་བོད་མི་སེར་སྐྱ་མང་ཚོགས་སྟོང་ཕྲག་མང་པོ་འདུ་འཛོམས་བྱེད་སྲོལ་ཡོད། བོད་ཟླ་༡ཚེས་༡༥་དང་སྤྱི་ཟླ་གསུམ་པའི་ཚེས་༥་སྟེ་སྨོན་ལམ་གྱི་མེ་ཏོག་མཆོད་པའི་ཉིན་མོ་དང་། སྐུ་འབུམ་བྱམས་པ་གླིང་དགོན་པའི་དཀྱིལ་འདིར་དམག་མི་དང་མཚོན་ཆ་ཐོགས་པའི་དྲག་ཆས་དམག་མི་སོགས་གྲལ་སྟར་སྒྲིག་སྟེ་ཁེངས་ཡོད་པ་སོགས་ཀྱི་འཇིགས་སྐུལ་གྱི་རྣམ་པ་དེས་བོད་མི་ཚོར་དངངས་སྐྲག་ཚོར་སྣང་བྱུང་བཞིན་པ་དྲ་ལམ་དུ་མཐོང་རྒྱུ་འདུག དཔེར་ན་བོད་མི་ཚོས་སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་ཁག་བརྒྱུད་དེ། “ང་ཚོས་དམག་ལ་ལྟའམ་མཆོད་མཇལ་བྱའམ།”ཞེས་དང་། “ཞེད་སྣང་གི་འོག་ནས་མཆོད་མཇལ་ཡག་པོ་ཞིག་ཀྱང་བྱ་ཐུབ་མ་སོང་།” ཞེས་སོགས་བསམ་ཚུལ་སྤེལ་འདུག ཡང་དྲ་ལམ་བེད་སྤྱོད་གཏོང་མཁན་ཁ་ཤས་ཀྱིས། “ཐང་ཆེན་པོར་དམག་མི་བཀྲམས་དོན་ཞི་བདེ་དང་འཆམ་མཐུན་གྱི་ཆེད་དུ་རེད་དམ་ཡང་ན་དམག་འཁྲུག་གི་ཆེད་དུ་རེད།”ཅེས་ཀྱང་བྲིས་འདུག

ལོ་ངོ་༦༠༠ལྷག་གི་ལོ་རྒྱུས་ལྡན་པའི་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ནི་རྗེ་ཙོང་ཁ་པ་ཆེན་པོས་སྔོན་སྟོན་པ་ཤཱཀྱ་ཐུབ་པས་བོད་ཟླ་བ་དང་པོའི་ཚེས་བརྒྱད་ནས་ཚེས་བཅོ་ལྔ་བར་མུ་སྟེགས་ཀྱི་སྟོན་པ་དྲུག་དང་ཆོ་འཕྲུལ་འགྲན་ནས་ཕམ་པར་མཛད་པའི་དུས་དེ་དང་བསྟུན་ནས་སེ་འབྲས་དགའ་གསུམ་གྱི་དགེ་འདུན་ཡོངས་རྫོགས་ལྷ་སར་གདན་དྲངས་ཏེ་གཙུག་ལག་ཁང་དུ་ཚེས་གྲངས་ཆད་ལྷག་བབས་ཀྱིས་ཚེས་གསུམ་བཞི་གང་ རུང་ནས་དབུ་ཚུགས་ཏེ་ཚེས་ཉེར་ལྔ་བར་ཉིན་ཉི་ཤུ་རྩ་གཅིག་རིང་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་གཟབ་རྒྱས་དང་འབྲེལ་དགེ་འདུན་ཡོངས་ནས་ཉིན་རེ་ཚོགས་དུས་གསུམ་ལ་གསོལ་ཇ། བཞེས་ཐུག ཚབ་ར། སྐུ་འགྱེད་བཅས་བསྙེན་བཀུར་བླ་ན་མེད་པ་གནང་སྟེ་བསྟན་པ་རྒྱས་པ་དང་། འགྲོ་བ་བདེ་བའི་ཞལ་འདོན་ཐུགས་སྨོན་རྒྱ་ཆེ་མཛད་ཀྱི་རེད། དེའི་རིང་དགོང་དྲོ་ས་རུལ་རྗེས་འཁྱམས་རའི་ནང་དགེ་བཤེས་ལྷ་རམས་གསར་པ་རྣམས་ཀྱིས་མཚན་ཉིད་བགྲོ་གླེང་འགྲན་རྩོད་གནང་དགོས་པ་རེད།

XS
SM
MD
LG