ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ན་ནིང་རྒྱ་གར་ལ་བཙན་བྱོལ་དུ་སླེབས་པའི་བོད་མིའི་ཁ་གྲངས་ནི་༡༢༠་ཙམ་ཡིན།


ཕྱི་ལོ་༢༠༡༤ ལོར་བོད་ནས་ཁྱོན་བསྡོམས་མི་༡༢༠ ལྷག་ཙམ་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་བ་དང་། དེའི་ནང་ནས་བརྒྱ་ཆ་༨༠ ཙམ་གྲྭ་བཙུན་དང་། བརྒྱ་ཆ་༢༠ ཙམ་མི་སྐྱ་ཡིན་འདུག

བོད་ཀྱི་དུས་བབ་ཀྱི་གསར་འགོད་པ་ཆེད་དུ་བཞུགས་སྒར་དྷ་རམ་ས་ལའི་དབུས་སྣེ་ལེན་ཁང་དུ་བཅར་ཏེ་སྣེ་ལེན་ཁང་གི་འབྲེལ་ཡོད་འགན་འཛིན་ལ་བཅར་འདྲི་ཞུས་ནས་གནས་ཚུལ་སྤེལ་བ་ལྟར་ན། སྣེ་ལེན་ཁང་གི་གོ་སྒྲིག་འོག་གསར་འབྱོར་བ་རྣམས་ཀྱིས་༧གོང་ས་མཆོག་གི་མཇལ་ཁ་ཞུས་པ་དང་རྒྱ་གར་གྱི་སྐྱབས་བཅོལ་ལག་དེབ་བཟོས་རྗེས་སོ་སོའི་འདོད་མོས་ལྟར། གྲྭ་བཙུན་༥༠ ཡས་མས་དགོན་སྡེ་ཁག་ཏུ་བཏང་བ་དང་། རང་ལོ་ ༣༥ མན་གྱི་མི་ ༧༠ མ་ཟིན་ཙམ་སློབ་གྲྭ་ཁག་ཏུ་འཛུལ་བ། ད་རུང་བཞུགས་སྒར་དྷ་རམ་ས་ལ་སོགས་སུ་རང་དགར་འདུག་མཁན་༢༠ མ་ཟིན་ཙམ་བྱུང་ཡོད་པ་རེད།།

སྣེ་ལེན་ཁང་གི་འགན་འཛིན་གཞོན་པ་པདྨ་གཡུ་སྒྲོན་ལགས་ཀྱིས། བོད་ནས་འབྱོར་བ་དག་ལས་ལོ་ཚད་ལ་ཆ་བཞག་ན་རང་ལོ་༡༨ ལོན་པ་ཚོ་གསོག་སྒར་དང་། དེ་ལས་ཆུང་བ་ཚོ་སུ་ཇ་སོགས་སློབ་གྲྭ་ཁག་ཏུ་བཏང་ཡོད་པ་དང་། རང་ལོ་༣༥ ཟིན་པ་དག་སོ་སོའི་འདོད་མོས་ལྟར་དྷ་རམ་ས་ལ་སོགས་སུ་སྡོད་ཀྱི་འདུག་ཟེར།། བོད་ནས་ཡོང་མཁན་ཚོའི་འཕྲོད་བསྟེན་གནས་སྟངས་ཐད་དམིགས་བསལ་སྒོས་བརྗོད་དོན་ལ། ཕྱི་ལོ་༢༠༡༤ ལོ་ལྟ་བུར་མཚོན་ན་གསར་འབྱོར་དག་གི་ཁྲོད་ནས་མཆིན་པའི་གཉན་ཚད་ཅན་མི་གྲངས་ ༡༥ ཙམ་བྱུང་སོང་ཟེར།།

གཞན་ཡང་། ཕྱི་ལོ་༢༠༡༤ ལོར་སྣེ་ལེན་ཁང་དུ་ཡོང་སྟེ་ལམ་གྲོན་བླངས་ནས་བོད་དུ་ལོག་འགྲོ་བ་ཡིན་ཟེར་མཁན་༢༠ ཙམ་བྱུང་སོང་ཟེར། ཕྱི་ལོ་༢༠༡༣ ལོར་བོད་ནས་ཁྱོན་བསྡོམས་སེར་སྐྱ་༡༥༠ ཙམ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་བ་རེད།།

XS
SM
MD
LG