ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

༸གོང་ས་མཆོག་བྷ་ཧ་ཡའི་ལྷ་ཁང་དུ་ཕེབས་ཏེ་བཀའ་སློབ་བསྩལ་བ།


ཕྱི་ལོ་༢༠༡༥ ཟླ་༡ ཚེས་༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་པདྨའི་ལྷ་ཁང་ངམ་ལོ་ཊ་སི་ཊེམ་པལ་ Lotus Temple ཞེས་པ་དེར་ཆིབས་སྒྱུར་གྱིས་ཞི་བདེ་དང་བྱམས་བརྩེའི་སྐོར་བཀའ་སློབ་བསྩལ་འདུག དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྟེང་གནས་ཚུལ་བཀོད་པ་ལྟར་ན། ལྷ་ཁང་དེ་ནི་བྷ་ཧ་ཡ་ཆོས་ལུགས་ཀྱི་མཆོད་ཁང་ཡིན་པ་དང་། བྷ་ཧ་ཡ་ཆོས་ལུགས་ཀྱིས་དཀོན་མཆོག་གཅིག་དང་། ཆོས་ལུགས་གཅིག འགྲོ་བ་མི་གཅིག་ཞེས་པའི་ལྟ་གྲུབ་འཛིན་པ་དང་། ཆོས་ལུགས་དེ་ཐོག་མར་ཨི་རན་ནང་དར་བ་ནས་ད་བར་མི་ལོ་བརྒྱ་ལྷག་ཙམ་གྱི་ལོ་རྒྱུས་ཡོད་པ་རེད།།

༸གོང་ས་མཆོག་གིས་ཚོགས་བཅར་བ་ལྡི་ལིའི་ཁུལ་ནས་སློབ་གྲྭ་ཁག ༡༤ ཡི་སློབ་ཕྲུག་ལ་ཆེད་དུ་བཀའ་སློབ་སྩལ་དོན། ཁྱེད་ཚོ་དུས་རབས་ ༢༡ པའི་མི་རབས་ཡིན། དུས་རབས་ ༢༠ པའི་ནང་འཚེ་བའི་ལས་མང་དག་ཅིག་སྤེལ་ཡོད་པ་དེ་ནི་རང་རྒྱལ་གཞན་ཕམ་གྱི་བསམ་བློ་དང་། ཕུགས་རྒྱང་རིང་པོའི་བསམ་བློ་མེད་པར་བརྟེན་དཀའ་ངལ་དེ་ཚོ་བྱུང་བ་ཞིག་ཡིན་སྟབས། མ་འོངས་དུས་རབས་ཉེར་གཅིག་པ་དེ་དུས་རབས་བཟང་པོ་ཞིག་བསྐྲུན་རྒྱུར་ཁྱེད་རང་ཚོར་འགན་ཡོད། ཁྱེད་ཚོས་བསམ་བློ་རྒྱ་ཆེ་ས་ནས་འགྲོ་བ་མི་རིགས་ཡོངས་ལ་ཕན་པའི་ལས་དོན་སྤེལ་ཐུབ་པ་ཡིན་ན་རང་གཞན་རོགས་གསུམ་ཚང་མར་བདེ་སྐྱིད་ཡོང་རྒྱུ་ཡིན། སོ་སོ་རང་ཉིད་མི་སྒེར་ལ་མཚོན་ནའང་སེམས་ནང་ཞི་བདེ་བག་ཕེབས་ཡོང་རྒྱུར་ཕན་ཐོགས་ཡོད་ཅེས་སོགས་གསུངས།།

༸གོང་ས་མཆོག་གིས་བཀའ་སློབ་ཀྱི་མཛད་འཕྲིན་གྲུབ་མཚམས་པདྨའི་ལྷ་ཁང་དུ་ཆོས་ལུགས་རིས་མེད་ཀྱི་སྨོན་ལམ་ཐོག་ལྷན་ཞུགས་མཛད་ཡོད།

XS
SM
MD
LG