ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བསྟན་འཛིན་ཆོས་གྲགས་བཙོན་འོག་ཏུ་མནར་གཅོད་བཏང་སྟེ་གྲོངས་པ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་མིང་འོག་ལོ་ ༡༥ བཙོན་འཇུག་ཁྲིམས་ཐག་བཅད་དེ། ལྷ་སའི་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་པའི་བསྟན་འཛིན་ཆོས་གྲགས་ལགས་ལ་འདས་པའི་ལོ་དྲུག་ལྷག་རིང་བཙོན་འོག་ཏུ་མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་སྟེ། ཕྱི་ཟླ་༡༢་ཚེས་ ༢ ཉིན་ཕྱིར་ནང་རྩིས་སྤྲོད་བྱས་ཡོད་ཀྱང་། ཕྱི་ཚེས་ ༥ ཉིན་འདས་གྲོངས་ཕྱིན་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། བསྟན་འཛིན་ཆོས་གྲགས་ལགས་ཕྱི་ལོ་༢༠༠༨ ལོའི་ཟླ་ ༣ ཚེས་ ༡༤ གྱི་ལྷ་སའི་ངོ་རྒོལ་ཁྲོད་མཉམ་ཞུགས་གནང་མཁན་གཙོ་བོ་ཡིན་པའི་ཉེས་མིང་འོག ལོ་ ༡༥ ལ་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་ས་ཆུ་ཤུར་བཙོན་ཁང་དུ་བཙོན་འཇུག་བྱས་པ་རེད། ད་ལྟ་རང་ལོ་ ༣༣ ཡིན་པའི་བསྟན་འཛིན་ཆོས་གྲགས་ལགས་ལ་བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་བཏང་བའི་རྐྱེན་གྱིས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་ཏེ། ཉེ་བའི་ཟླ་གཅིག་གི་སྔོན་ཙམ་ལ་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་ཟེར་བའི་ནང་བསྐྱལ་འདུག སྨན་ཁང་དུ་ཡོད་པའི་སྐབས་སུའང་ཁོང་ལ་སྔར་བཞིན་རྐང་ལྕགས་བརྒྱབ་ཡོད་པ་མ་ཟད། བཙོན་སྲུང་བ་མི་བཞིས་སྐོར་སྲུང་ལྟ་རྟོག་འོག་ཡོད་འདུག

གཞན་ཡང་། ལོ་སྔོན་མའི་ཕྱི་ཟླ་ ༧ པའི་ནང་བསྟན་འཛིན་ཆོས་གྲགས་ལགས་ལ་གཅར་རྡུང་འོག་ཁོང་གི་མིག་ལ་སྐྱོན་ཞུགས་ཏེ་མི་མཐོང་པ་ཆགས་པར་རྟེན། སྨན་ཁང་ཞིག་ནང་མིག་གཤག་བཅོས་བྱེད་དགོས་བྱུང་ཡོད་པ་རེད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ལགས་ཀྱིས། རྒྱ་ནག་གཞུང་གིས་བཙོན་པ་མང་པོར་ཉེས་རྡུང་བཏང་སྟེ་འཆི་གསོན་གྱི་ཁ་མཚམས་ལ་བསྐྱལ་རྗེས། བཙོན་དུས་མ་རྫོགས་པར་ཕྱིར་ནང་མིར་རྩིས་སྤྲོད་བྱེད་བཞིན་པ་ནི། རྒྱ་གཞུང་གིས་བཙོན་པ་རྣམས་བཙོན་ཁང་ནང་འདས་གྲོངས་ཀྱི་ནག་ཉེས་ལས་གཡོལ་ཐབས་ཀྱི་ལྐོག་གཡོ་ཞིག་རེད། དེ་ལྟའི་ལྐོག་གཡོའི་བྱ་ཐབས་འོག་བོད་ནང་བཙོན་པར་མནར་གཅོད་བཏང་སྟེ་འདས་གྲོངས་འགྲོ་བཞིན་པའི་གནས་ཚུལ་སྔར་ལས་མང་དུ་འགྲོ་བཞིན་ཡོད་ཅེས་བརྗོད་ཡོད།

བསྟན་འཛིན་ཆོས་གྲགས་ལགས་ནི། ༡༩༨༡ ཟླ་ ༡༠ པའི་ནང་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་གྲོང་ལྷན་རྒྱ་འབུམ་སྒང་ཁོངས་སུ་སྐྱེས་པ་དང་། ཕའི་མིང་མཁས་གྲུབ་དང་མའི་མིང་པ་སངས་ཞུ་བ་དང་། ཁོང་ཕྱི་ལོ་ ༡༩༩༠ ལོར་རྒྱ་གར་དུ་འབྱོར་ཏེ་རྡ་སྟེང་བོད་ཕྲུག་ཁྱིམ་སྡེའི་ཁོངས་སུ་འཛིན་རིམ་བཅུ་པ་བར་སློབ་གཉེར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༥ ལོར་བོད་དུ་ཕྱིར་ལོག་གིས་ཡོ་རོབ་ཁུལ་འབྲེལ་བ་ཡོད་པའི་རྒྱ་གྲམ་དམར་པོའི་ཚོགས་པ་ཞིག་གི་ནང་སྤྱི་ཚོགས་ཞབས་ཞུའི་ལས་ཀ་བྱས་ཡོད་འདུག

XS
SM
MD
LG