ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཡུ་གུར་སློབ་ཕྲུག་ཚོར་ཁྲིམས་བཤེར་བྱེད་སྟངས་ཀྱི་ཐོག་ནས་དྲག་གནོན་སྲིད་བྱུས་ཀྱི་ཉེན་ཚབས་མཚོན་ཐུབ།


རྒྱ་ནག་གཞུང་གིས་ཡུ་གུར་མི་རིགས་ཀྱི་ཐོབ་ཐང་དོན་གཉེར་བ་པེ་ཅིང་མི་རིགས་སློབ་གྲྭ་ཆེ་མོའི་དགེ་རྒན་ཆེ་མོ་Ilham Tohti འདི་ལོའི་འགོ་སྟོད་དུ་འཛིན་བཟུང་བྱེད་པའི་སྐབས། ཁོང་དང་འབྲེལ་བ་ཡོད་པའི་སློབ་གྲྭ་དེའི་སློབ་ཕྲུག་མང་པོ་ཞིག་ཀྱང་འཛིན་བཟུང་བྱས་ཏེ། གང་དུ་ཡོད་མེད་སུས་ཀྱང་ཤེས་རྟོགས་མེད་པར་གྱུར་ནས་ཟླ་བ་མང་པོ་སོང་བའི་རྗེས་སུ་མཐར། ཁ་སྔོན་སྤྱི་ཟླ་དགུ་པའི་ནང་ ཤིང་ཅང་གི་རྒྱལ་ས་ཨུ་རུམ་ཅིའི་ཁྲིམས་ཁང་ཞིག་ཏུ་སྐུ་ཞབས་Tohtiལ། ཁ་བྲལ་གྱི་བྱ་སྤྱོད་སྤེལ་བ་ཟེར་བའི་ནག་ཉེས་ཀྱི་ཐད། ཉིན་གཉིས་ཀྱི་རིང་གསང་རྒྱ་ཧ་ཅང་དམ་པོའི་སྒོ་ནས་ཁྲིམས་བཤེར་བྱེད་པའི་སྐབས། དཔང་པོའི་ཚུལ་དུ་སློབ་ཕྲུག་གསུམ་གྱིས་ནག་ཉེས་ངོས་ལེན་བྱས་པའི་བརྙན་པར་ཞིག རྒྱ་ནག་གཞུང་གཉེར་གྱི་བརྙན་འཕྲིན་ཐོག་བསྟན་ཡོད་པ་རེད། ད་རེས་གཟའ་མིག་དམར་ཉིན། སློབ་ཕྲུག་དེ་དག་གསུམ་ལ་ཁྲིམས་གཅོད་བྱ་རྒྱུ་ཡིན་པའི་སྐོར་གནས་ཚུལ་ཐོན་གྱི་ཡོད་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མང་པོས། སློབ་ཕྲུག་དེ་དག་གིས་གནས་སྟངས་གང་འདྲ་ཅིག་གི་འོག་ཏུ་ནག་ཉེས་ངོས་ལེན་བྱས་ཡོད་པ་དེ་ནི། ཚོད་དཔག་བྱེད་ཐུབ་པ་ཞིག་ཡིན་པ་དང་། རྒྱ་ནག་གཞུང་གིས་དགེ་རྒན་ཆེ་མོ་Tohtiལ་ཚེ་བཙོན་གྱི་བཅད་ཁྲ་གཏོང་རྒྱུའི་ཆེད་དུ། སློབ་ཕྲུག་དེ་དག་བེད་སྤྱོད་བྱས་ཡོད་པ་ཡིན་པས། འདི་ནི་ཧ་ཅང་ཐབས་སྡུག་ཡིན་པ་མ་ཟད། འདི་ཚོའི་ཐོག་ནས་རྒྱ་ནག་གཞུང་གིས། ཤིང་ཅང་གི་ཡུ་གུར་ཁ་ཆེའི་མི་རིགས་ལ་དྲག་གནོན་གྱི་སྲིད་བྱུས་གང་འདྲ་ཅིག་འཛིན་གྱི་ཡོད་པ་དེ་གསལ་པོ་མཚོན་པ་རེད་ཅེས་རྗོད་ཀྱི་ཡོད་པ་རེད།།

XS
SM
MD
LG