ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཀིརྟི་དགོན་གྱི་དགེ་འདུན་པ་གཉིས་ལ་ཁྲིམས་ཆད།


མདོ་སྨད་རྔ་བ་ཀིརྟི་དགོན་པའི་རང་ལོ་༡༩་སོན་པའི་དགེ་འདུན་པ་བློ་བཟང་བསྟན་པ་ལགས་ལ་རྒྱལ་ཁབ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ནག་ཉེས་བཙུགས་ནས་ལོ་༢་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་པ་དང་། རང་ལོ་༢༠་སོན་པའི་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ལ་རྒྱལ་ཁབ་ལ་ངོ་ལོག་གི་བྱ་སྤྱོད་སྤེལ་བའི་ཉེས་འཛུགས་འོག་ལོ་༣་ལ་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག

ཕྱི་ལོ་༢༠༡༤་ཟླ་༡༡་ཚེས་༧་ཉིན་རྔ་བ་རང་སྐྱོང་ཁུལ་གྱི་ལྟེ་གནས་འབར་ཁམས་སུ་འབར་ཁམས་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་དགེ་འདུན་པ་བློ་བཟང་བསྟན་པ་ལགས་ལ་ཁྲིམས་བཤེར་བྱས་པ་རེད།

དེ་ཡང་བློ་བཟང་བསྟན་པ་ལགས་ཀྱིས་ཕྱི་ཟླ་༤་ཚེས་༢༦་ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དབུས་མ་ནས་མགོ་ལ་བོད་ཀྱི་རྒྱལ་དར་དཀྲིས་ཏེ་ལག་ཏུ་༧གོང་ས་མཆོག་གི་སྐུ་པར་བཟུང་ནས་བོད་ལ་རང་དབང་དགོས་པ་དང་། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་སྐད་འབོད་བྱས་ཤིང་། ཉེན་རྟོག་པས་དེ་དུས་ཁོ་རང་བཙན་ཁྲིད་བྱས་ཏེ་བཀག་ཉར་བྱས་པ་རེད།།

གཟའ་པ་སངས་ཉིན་ཁྲིམས་ཁང་དེ་ཡིས་དགེ་འདུན་པ་བློ་བཟང་རྒྱ་མཚོ་ལགས་ལའང་ཁྲིམས་བཤེར་བྱས་པ་དང་། ཁོང་གིས་ད་ལོའི་ཕྱི་ཟླ་༤་ཚེས་༢་ཉིན་རྔ་བ་རྫོང་མཁར་གྱི་གཞུང་ལམ་དུ་ལག་ལ་བོད་ཀྱི་རྒྱལ་དར་བཟུང་ནས་འབོད་སྐུལ་གཅིག་པ་བསྒྲགས་པ་རེད། བློ་བཟང་རྒྱ་མཚོ་ལགས་སྐབས་དེར་འཛིན་བཟུང་བྱེད་མ་ཐུབ་པར་དགོན་པའི་ནང་བྲོས་ཏེ་ཡིབ་པ་དང་། ཡིན་ནའང་ཟླ་དེའི་ཚེས་༡༥་ཉིན་དགོན་པ་རུ་འཛིན་བཟུང་བྱས་ཏེ་བཀག་ཉར་བྱས་པ་རེད།།

ཁོང་གཉིས་ལ་ཁྲིམས་བཤེར་བྱེད་སྐབས་ནང་མི་རྣམས་ཁྲིམས་རྭར་ཡོང་བཅུག་ཡོད་ཀྱང་ཁོ་ཚོར་ཁྲིམས་རྩོད་པ་གླ་བའི་གོ་སྐབས་དང་ཐོབ་ཐང་གང་ཡང་སྤྲད་མེད། དགེ་འདུན་པ་གཉིས་ཀ་ནི་རྔ་བ་རྫོང་རྨེ་རུ་མ་ཡུལ་ཚོ་ནས་ཡིན་ཞིང་རྔ་བ་ཀིརྟི་དགོན་པའི་སྔོན་འགྲོའི་འཛིན་གྲྭ་དགུ་བར་སླེབས་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG