ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

སུད་སིའི་ཁྱིམ་ཚང་གསུམ་གྱིས་རྒྱལ་ཚོགས་སུ་བོད་དོན་ཞུ་འབོད།


སུད་སིར་གནས་སྡོད་བོད་མིའི་ཁྱིམ་ཚང་གསུམ་གྱི་མི་སྣ་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཚོགས་ཆུང་གི་གནད་ཡོད་མི་སྣ་དང་མཇལ་འཕྲད་གནང་ནས་བོད་ནང་གི་ཛ་དྲག་གི་གནས་སྟངས་ངོ་སྤྲོད་དང་བོད་དོན་ཞུ་འབོད་གནང་བ་རེད།།

ཁྱིམ་ཚང་གསུམ་གའི་མི་སྣ་ནི་ཕྱི་ཟླ་བཅུ་གཅིག་པའི་ཚེས་༥་ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཨེ་ཤ་ཡའི་སྡེ་ཚན་ལས་ཁུངས་སུ་བཅར་ཏེ། འགན་འཛིན་ལྕམ་ཐན་ཌ་ལགས་ལ་བོད་ནང་དུ་བོད་མི་༡༣༢་ལྷག་གིས་རང་ལུས་མེར་སྲེག་གི་ངོ་རྒོལ་གནང་བ་དང་། ཞི་བའི་ངོ་རྒོལ་རབ་དང་རིམ་པ་བྱུང་བ། འབྲོག་པ་གནས་སྤོར་དུ་འཇུག་པ། ཁོར་ཡུག་ལ་གཏོར་བཤིག་གཏོང་བཞིན་པ། བོད་ཀྱི་ས་ཁུལ་མང་པོར་དམག་དཔུང་འགྲེམ་འཇོག་དང་ལྟ་རྟོག་ནན་མོ་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ངོ་སྤྲོད་གནང་བ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་ཀྱི་གནས་སྟངས་ཐད་ནུས་པ་ཆེ་ཙམ་འདོན་དགོས་པའི་འབོད་སྐུལ་ཞུས་པ་རེད།།

སུད་སིར་གནས་སྡོད་ལྷུན་གྲུབ་ཚང་ཀརྨ་བཀྲ་ཤིས་ཚེ་རིང་ལགས་དང་། སྟག་ཚང་དཀོན་མཆོག་ལགས། བཀྲ་བསྟན་ཚང་པ་སངས་ལགས་བཅས་ཀྱི་ཁྱིམ་ཚང་གསུམ་གའི་ནང་མི་རྣམས་ཀྱིས་བདུན་ཕྲག་སྔོན་མའི་གཟའ་ལྷག་པའི་ཉིན་བོད་དོན་ཞུ་གཏུག་ལས་འགུལ་ཐེངས་༣༥་པ་དེ་ཇི་ནེ་ཝ་མཉམ་འབྲེལ་རྒྱལ་ཚོགས་ལས་ཁང་གི་མདུན་ཐང་དུ་སྤེལ་ཡོད་པ་རེད།།

རྒྱལ་ཚོགས་ལས་ཁུངས་མདུན་གྱི་བོད་དོན་ཞུ་གཏུག་ལས་འགུལ་འདི་ནི་ཕྱི་ལོ་༢༠༡༢་ཟླ་༡༢་ཚེས་༡༠་ཉིན་འགོ་འཛུགས་གནང་སྟེ། ཁྱིམ་ཚང་གཉིས་ཀྱི་བོད་དོན་ཞུ་གཏུག་ལས་འགུལ་ནས་ཁྱིམ་ཚང་གསུམ་གྱི་ལས་འགུལ་དུ་ཆགས་ཡོད་པ་དང་། ལོ་རྗེས་མའི་ཟླ་དང་པོ་ནས་བཟུང་ཁྱིམ་ཚང་བཞི་ཡིས་མཉམ་འབྲེལ་སྒོས་བོད་དོན་ལས་འགུལ་སྤེལ་ཏེ། རྒྱལ་ཚོགས་ཀྱི་མདུན་ཐང་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། རང་ལུས་མེར་སྲེག་གནང་མཁན་དག་གི་སྐུ་པར་འགྲེམ་འཇོག ༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་རང་ལུས་མེར་སྲེག་གི་ངོ་རྒོལ་དང་འབྲེལ་བའི་ཐད་ཀྱི་གསུང་བཤད་དང་ཡིག་ཆ་མང་པོ་རྒྱ་ཡིག་དང་། དབྱིན་ཡིག འཇར་མན་བཅས་ཀྱི་སྐད་དུ་བསྒྱུར་ཏེ་འགྲེམ་སྤེལ་བྱས་དང་བྱེད་བཞིན་ཡོད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG