ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གི་སྲོག་ཁྲིམས་ཁག་ཅིག་མེད་པར་གཏོང་འཆར།


རྒྱ་ནག་གིས་ལོ་རེར་མི་ལ་སྲོག་ཁྲིམས་བཅད་ནས་གསོད་ཀྱི་ཡོད་པའི་གྲངས་འབོར་དང་འཛམ་གླིང་གི་རྒྱལ་ཁབ་གཞན་རྣམས་ཕྱོགས་བསྡོམས་བྱས་ནས་མི་ལ་ཁྲིམས་བཅད་པའི་གྲངས་འབོར་གཉིས་བསྡུར་ཚེ། རྒྱ་ནག་གིས་ལོ་རེར་མི་ལ་སྲོག་ཁྲིམས་བཅད་ནས་གསོད་ཀྱི་ཡོད་པའི་གྲངས་འབོར་མང་བ་ཡོད་ཅིང་། དེང་སྐབས་རྒྱ་ནག་གིས་གཡོ་ཁྲམ་གྱི་སྒོ་ནས་དཔལ་འབྱོར་འདུ་འགོད་བྱས་པ་སོགས་ཚུད་པའི་ནག་ཉེས་རིགས་མ་འདྲ་བ་༥༥་ལ་སྲོག་ཁྲིམས་གཅོད་ཀྱི་ཡོད་མོད། འོན་ཀྱང་གཟའ་འཁོར་འདིར་རྒྱ་ནག་གི་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་རྣམས་ཚོགས་འདུ་ཚོགས་ཏེ། ཁོང་ཚོས་རྒྱ་ནག་གིས་ནག་ཉེས་རིགས་མ་འདྲ་བ་༥༥་ལ་སྲོག་ཁྲིམས་གཅོད་ཀྱི་ཡོད་པ་དེའི་ཁོངས་ནས་ནག་ཉེས་རིགས་དགུ་ལ་སྲོག་ཁྲིམས་མེད་པར་གཏོང་དགོས་པའི་གྲོས་བསྡུར་བྱེད་ཀྱི་ཡོད་འདུག བདུན་ཕྲག་སྔོན་མར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་འདུ་གལ་ཆེན་ཞིག་གི་ཐོག་ཏུའང་རྒྱལ་ཁབ་ལ་ཁྲིམས་ཀྱིས་སྐྱོང་བའི་ལམ་ལུགས་ཡག་ཏུ་གཏོང་དགོས་པའི་གྲོས་བསྡུར་བྱས་ཀྱང་། སྲིད་དོན་ཉམས་ཞིབ་པ་ཚོས་རྒྱ་ནག་གི་ཁྲིམས་ཁང་དེ་དག་དམར་ཤོག་ཚོགས་པའི་བཀོད་འདོམས་འོག་ཏུ་ཡོད་པས། རྒྱ་ནག་གི་ཁྲིམས་ཁང་དེ་དག་གི་དམར་ཤོག་ཚོགས་པའི་བཀོད་འདོམས་འོག་ནས་མ་ཐར་བར་དུ་རྒྱ་ནག་ལ་ཁྲིམས་ཀྱིས་སྐྱོང་བའི་ལམ་སྲོལ་ཞིག་དར་ཐུབ་རྒྱུ་ཁག་པོ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG