ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

རྒྱལ་སྤྱིའི་རྩོམ་པ་པོའི་ཚོགས་ཆེན་སྟེང་བོད་ནང་གི་སྨྲ་བརྗོད་རང་དབང་ལ་དོ་སྣང་།



རྒྱལ་སྤྱིའི་པེན་རྩོམ་པ་པོའི་ཚོགས་ཆེན་ཐེངས་བརྒྱད་བཅུ་བ་དེ་Kyrgyzstran གྱི་རྒྱལ་སར་འཚོགས་པའི་སྐབས་སུ་བོད་ནང་གི་རྩོམ་པ་པོའི་གནས་སྟངས་ཐད་གླེང་སློང་དང་བོད་དོན་སྐོར་ལ་གྲོས་ཆོད་བཞག་པའི་ཐད་བགྲོ་གླེང་ཞུས་པ་ཡིན།

དེ་ཡང་༢༠༡༤་ལོའི་ཕྱི་ཟླ་དགུ་བའི་ཚེས་༢༩་ནས་ཟླ་བཅུ་བའི་ཚེས་༢་བར་ཉིན་བཞིའི་རིང་ཁིར་གྷི་སི་ཐན་གྱི་རྒྱལ་ས་བྷི་ཤཱི་ཀེག་ཏུ་འཚོགས་སྐབས། རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་ཉིས་བརྒྱ་ལྷག་མཉམ་འཛོམས་གནང་བ་དང་། དེའི་གྲས་སུ་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཞོན་སྤྲོ་ཚིགས་ཆོས་གྲགས་དང་། དྲུང་ཆེ་གཡུ་སྒང་འོད་ཟེར། ཤེས་ཡོན་འགན་འཛིན་སྨན་ཤེར་བློ་གྲོས་བཅས་མཉམ་ཞུགས་གནང་བ་རེད།།

སྤྲོ་ཚིགས་ཆོས་གྲགས་ལགས་ཀྱིས་ཕ་ཡུལ་གླེང་སྟེགས་ཀྱི་བཅར་འདྲིའི་སྐབས་སུ་གསུངས་དོན་ལ། ཚོགས་འདུའི་སྟེང་དུ་རྒྱ་གཞུང་གི་དབང་བསྒྱུར་འོག་གི་བོད་མིའི་སྐད་ཡིག་གི་ཛ་དྲག་གནས་སྟངས་དང་། བོད་ཀྱི་སྐད་ཡིག་ནང་འཛམ་གླིང་གི་གཅེས་ནོར་དུ་གྱུར་པའི་ནང་པའི་གཞུང་ལུགས་སོགས་ཐུན་མོང་མ་ཡིན་པའི་རྩོམ་རིག་འབོར་ཆེན་ཡོད་ཚུལ་ངོ་སྤྲོད་གཏམ་བཤད་བྱས་ཤིང་། ཚོགས་ཞུགས་མཁས་པ་དང་རྩོམ་པ་པོ་ཚོས་བརྗོད་གཞིའི་དེའི་སྐོར་བགྲོ་གླེང་དང་དྲི་བ་དྲིས་ལན་བྱས་ནས། ཐེངས་འདིའི་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་བརྒྱད་ཅུ་པའི་ཐོག་རྒྱ་ནག་དང་། བྱང་ཀོ་རི་ཡ། ཨེ་རན། སི་རི་ཡ། མེག་སི་ཁོ་སོགས་སྨྲ་བརྗོད་རང་དབང་མེད་པའི་ལུང་པ་ཁག་ཉེར་གསུམ་ཐོག་ལ་གྲོས་ཆོད་བཞག་ཡོད་པའི་ཁོངས་སུ། བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གྲོས་གཞི་བཏོན་པ་ལྟར། བོད་ནང་གི་སྨྲ་བརྗོད་རང་དབང་སྐོར་དང་། བཙོན་འོག་རྩོམ་པ་པོ་དང་ཤེས་ཡོན་ཅན་གློད་གྲོལ་དགོས་པ། བོད་ཀྱི་སྐད་ཡིག་སྦྱོང་སྤྱོད་སྤེལ་གསུམ་གྱི་རང་དབང་སྤྲོད་དགོས་ཚུལ་སྐོར་ལ་གྲོས་ཆོད་ཅིག་བཞག་པ་རེད།།

དེ་བཞིན་དུ་རྒྱལ་སྤྱིའི་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་འབོད་སྐུལ་བརྒྱབ་དོན་དུ། ༢༠༠༨་ནས་བཟུང་བོད་ཀྱི་དངོས་ཡོད་གནས་སྟངས་སྐོར་རྩོམ་ཡིག་སོགས་སྤེལ་བར་བརྟེན་འཛིན་བཟུང་བྱས་པའི་རྩོམ་པ་པོ་དང་སྒྱུ་རྩལ་པ་རྣམས་གློད་གྲོལ་གཏོང་དགོས་པ་དང་། མི་མང་གི་བསམ་ཚུལ་སྟོན་པ་དང་སྨྲ་བརྗོད་རང་དབང་ལ་བརྩི་མཐོང་སྤྲོད་དགོས་པ། བོད་ཀྱི་སྐད་དང་རིག་གཞུང་རྒྱུན་འཛིན་གྱི་ཐོབ་ཐང་དང་རང་དབང་སྤྲོད་དགོས་ཞེས་ནན་བརྗོད་བྱས་ཡོད།།

XS
SM
MD
LG