ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

མདོ་སྨད་གཅན་ཚའི་ཉེན་རྟོག་པ་བཟི་བོས་བོད་མིར་གང་བྱུང་གཅར་རྡུང་བཏང་།


མདོ་སྨད་གཅན་ཚ་རྫོང་དུ་མདའ་སྟོན་སྐབས་སུ་ས་གནས་ཉེན་རྟོག་མི་སྣ་ཁག་ཅིག་ར་བཟི་སྟེ་མང་ཚོགས་ལ་དོན་མེད་ཉེས་རྡུང་བཏང་བ་དང་། འཛིན་བཟུང་བཀག་ཉར་བྱས་ཏེ་གཅར་རྡུང་ཚད་མེད་བཏང་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་བ་རེད།།

ཕྱི་ཟླ་༩་ཚེས་ ༡༡ ཉིན་རྨ་ལྷོ་ཁུལ་གཅན་ཚ་རྫོང་མར་ཁུ་ཐང་གྲོང་རྡལ་དུ། ༢༠༡༤ ལོའི་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་རྩལ་འགྲན་ཚོགས་དང་། མདའ་སྟོན་རིག་གནས་དུས་ཆེན་སྐབས་གསུམ་པ་ཚོགས་ཡོད་པའི་ཉིན་གཉིས་པའི་དགོང་མོར། ལྟད་མོ་བ་ཚོས་མདའ་རྩེད་ཐང་ཆེན་དུ་དགོངས་ཚོགས་གསོལ་ཚིགས་ལ་རོལ་བཞིན་པའི་སྐབས་སུ། རྫོང་གི་ཉེན་རྟོག་པ་ཁག་ཅིག་ར་བཟི་རྗེས་ཚོགས་རྭར་ཡོང་སྟེ། དེར་ཡོད་མི་མང་གིས་ཁོང་ཚོར་ཆང་མ་དྲངས་ཚེ་མདའ་སྟོན་མཇུག་སྡོམ་རྒྱག་ཏུ་འཇུག་རྒྱུའི་ཉེན་བརྡ་བཏང་བ་རེད།།

སྐབས་དེར་གཅན་ཚ་རྫོང་གི་ཚོང་བ་དབང་ཕྱུག་ཞུ་བའི་ཕུ་བོས་ཉེན་རྟོག་པར་རྒྱུ་མཚན་ཅི་ཡིན་སོགས་དྲིས་པའི་སྐབས་སུ་ཉེན་རྟོག་པས་ཁོ་བཙན་དབང་གིས་ཉེན་རྟོག་རླངས་འཁོར་ནང་འཁྲིད་པ་དང་། ཚོང་བ་དབང་ཕྱུག་དང་བ་ཡན་རྫོང་ནས་ཡོང་བའི་བསྟན་འཛིན་རིན་ཆེན་ཞུ་བ་གཉིས་ཀྱིས་བར་འདུམ་བྱས་པའི་སྐབས་སུ་ཁོ་གཉིས་ཀྱང་བཙན་འཁྲིད་བྱས་འདུག ཁོང་གསུམ་གཅན་ཚ་རྫོང་ལྟ་སྲུང་ཁང་དུ་འཁྲིད་པའི་ལམ་བར་དུ་ཉེན་རྟོག་པ་ ༢༠ ལྷག་གིས་གཅར་རྡུང་དང་། ཉིན་དེའི་དགོང་མོར་ཉེན་རྟོག་པ་ ༨ ཀྱིས་ཆང་འཐུང་ཞོར་དུ་ཆང་གི་ཤེལ་དམ་གྱིས་ཁོང་ཚོའི་རྩིབས་རུས་སོིགས་ལ་གཞུས་ཡོད།།

བོད་ཀྱི་དུས་བབ་སྟེང་གནས་ཚུལ་བཀོད་པ་ལྟར་ན་ཚེས་ ༡༢ ཉིན་གྱི་ཞོགས་པར་ལྟ་སྲུང་ཁང་གི་ཉེན་རྟོག་པས་བསྟན་འཛིན་རིན་ཆེན་སར་འགྱེལ་ཏེ་གནས་སྟངས་ཛ་དྲག་ཡིན་པ་མཐོང་རྗེས་རྨ་ལྷོ་ཁུལ་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ཚེས་ ༡༣ ཉིན་ཟི་ལིང་རྒྱ་གྲམ་དམར་པོའི་སྨན་ཁང་དུ་འཁྲིད་ཡོད་འདུག སྐབས་དེར་བརྟག་དཔྱད་བྱེད་སྐབས་རྩིབ་རུས་དྲུག་བཅག་ཡོད་པ་ཤེས་རྟོགས་བྱུང་སྟེ་བདུན་ཕྲག་གཅིག་རིང་སྨན་བཅོས་བྱས་ཡོད་འདུག ཚེས་ ༢༠ ཉིན་གཅན་ཚ་རྫོང་གི་ཉེན་རྟོག་པ་གློ་བུར་ཡོང་སྟེ་ཟི་ལིང་ནས་ཕྱིར་གཅན་ཚ་རྫོང་སྨན་ཁང་དུ་འཁྲིད་དེ་སྨན་བཅོས་བྱེད་ཀྱི་ཡོད་འདུག ཁོང་གིས་ཟ་མ་ཟ་མི་ཐུབ་པ་དང་སྐད་ཆ་བཤད་མི་ཐུབ་ཀྱི་མེད་པར་ཛ་དྲག་གི་གནས་སུ་གྱར་ཡོད་འདུག

བསྟན་འཛིན་རིན་ཆེན་གྱི་ནང་མི་ཉེ་འབྲེལ་ཚོས་ཉེན་རྟོག་མི་སྣ་ལ་ཁོང་ཞིང་ཆེན་སྨན་ཁང་དུ་བསྐྱལ་ཏེ་སྨན་བཅོས་བྱེད་དགོས་ཚུལ་དང་། གཅར་རྡུང་བྱེད་མཁན་གྱི་ཉེན་རྟོག་པ་ཚོར་ཁྲིམས་ཆད་གཅོད་དགོས་པའི་དགོས་འདུན་འདོན་བཞིན་པ་རེད།།

XS
SM
MD
LG