ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཨ་རིའི་གཞུང་གིས་རྒྱ་ནག་ལ་བོད་དོན་ཐག་གཅོད་དགོས་པའི་འབོད་སྐུལ།


ཕྱི་ཟླ་༡༢་ཚེས་༦་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་མཱ་རི་ཡ་ཨོ་ཐེ་རོས་རྒྱ་ནག་གཞུང་ལ་སྔོན་འགྲོ་ཆ་རྐྱེན་མེད་པར་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གམ། ཡང་ན་༧གོང་ས་མཆོག་གི་སྐུ་ཚབ་རྣམ་པར་གྲོས་མོལ་བྱ་དགོས་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་དེ་ཉིད་ཞི་འཇམ་གཏོང་དགོས་པའི་ནན་བརྗོད་བྱེད་རྒྱུ་ཡིན། དེང་སྐབས་རྒྱ་ནག་གི་མངའ་ཁོངས་སུ་ཡོད་པའི་བོད་ས་ཁག་ལ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་རྒྱུ་ཤུགས་ཆེ་རུ་འགྲོ་བ་དང་ཆབས་ཅིག རྒྱ་ནག་གཞུང་གིས་ཀྱང་དྲག་གནོན་བྱ་རྒྱུ་ཤུགས་རུ་གཏོང་བཞིན་ཡོད་པས་ཨ་མི་རི་ཀའི་གཞུང་གིས་བོད་ནང་གི་ཛ་དྲག་གི་གནས་ཚུལ་དེར་སེམས་ཚབས་དང་བློ་ཕམ་ཆེན་པོ་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་རང་ལུས་མེར་སྲེག་གི་ངོ་རྒོལ་དེ་ཚོར་གདོང་ལེན་གྱི་ཚུལ་དུ་བོད་མི་མང་གི་ཆོས་དད་རང་དབང་གཏམ་བརྗོད་རང་དབང་།

འདུ་འཛོམས་རང་དབང་བཅས་ལ་སྔར་ལས་ལྷག་པའི་དམ་དྲག་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་ལ་དམའ་འབེབས་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་སྐྱོན་བརྗོད། ལྷག་པར་དུ་རང་སྲེག་ངོ་རྒོལ་བ་དེ་དག་ཉེས་ཅན་ལྟ་བུ་ཞིག་ལ་བརྩིས་ནས་གང་ཅིའི་གནས་སྟངས་སྡུག་ཏུ་གཏོང་བཞིན་འདུག་ཅེས་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད། ཨ་རིའི་བོད་དོན་དམིགས་བསལ་སྐུ་ཚབ་མཱ་རི་ཡ་ཨོ་ཐེ་རོའི་གསར་འགོད་གསལ་བསྒྲགས་དེར་མུ་མཐུད་དུ་འཁོད་པ་ལྟར་ན། བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་དེ་ཚོར་ཨ་མི་རི་ཀའི་མཐོ་རིམ་གཞུང་འབྲེལ་མི་སྣ་ཚོས་ཐད་ཀར་རྒྱ་ནག་གི་མཐོ་རིམ་འགོ་ཁྲིད་ཚོར་བཀའ་མོལ་གནང་ཡོད་ཅོང་། ཨ་རིའི་གཞུང་གིས་པེ་ཅིང་གི་དབང་འཛིན་པ་ཚོར་རྒྱ་ནག་གི་ཞིང་ཆེན་ཁག་ལ་ཆ་བགོ་བྱས་ཡོད་པའི་བོད་ས་ཁག་གི་ཛ་དྲག་ཆེ་རུ་འགྲོ་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ལ་ཞིབ་འཇུག་བྱ་དགོས་པ་།

རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་དང་དགོན་པའི་ཆོས་ལུགས་བྱེད་སྒོ་ཁག་ལ་དམ་དྲག་བྱེད་རྒྱུ་ཤུགས་ཆེ་རུ་བཏང་སྟེ་བོད་པའི་སྐད་ཡིག་དང་རིག་གཞུང་གཉིས་ཉམ་ཉེས་འགྲོ་བའི་སྲིད་ཇུས་ཤིག་ལག་ལེན་བསྟར་པ་དང་། བོད་པ་ཚོ་ལྟ་རྟོག་ནན་པོ་དང་རང་སྣང་གང་དྲན་གྱི་འཛིན་བཟུང་བྱས་ནས་གར་སོང་ཆ་མེད་དུ་གྱུར་པ། བོད་པ་འཛིན་བཟུང་བྱས་པ་དེ་དག་གི་གྲས་སུ་ན་གཞོན་དང་ཤེས་ཡོན་ཅན། རིག་གནས་མཁས་པ་བཅས་ཚུད་ཡོད། བོད་མི་མང་གི་ཞི་བའི་ངོ་རྒོལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་ཁོ་ན་བྱས་པ་དང་བོད་ནང་ལ་གསར་འགྱུར་བཀག་སྡོམ་བྱེད་ཀྱི་ཡོད་པས། ང་ཚོས་རྒྱ་ནག་གཞུང་ལ་བོད་པ་ཚོར་རང་གི་དཀའ་སྡུག་ཐམས་ཅད་དམ་དྲག་དང་རྡུང་རྡེག ཁྲིམས་གཅོད་སོགས་ཀྱི་འཇིགས་སྣང་མེད་པར་ཡོངས་གྲགས་སུ་ཞི་བའི་སྒོ་ནས་ཕྱི་ལ་སྟོན་ཆོག་པའི་རང་དབང་སྤྲོད་དགོས་པ་དང་། བོད་ནང་ལུགས་སུ་འབྱུང་བཞིན་པའི་རང་ལུས་མེར་སྲེག་གི་ངོ་རྒོལ་མཚམས་འཇོག་བྱེད་དུ་འཇུག་རྒྱུ། རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་དེ་ཚོར་རྒྱལ་སྤྱིའི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། ད་དུང་ཕྱི་རྒྱལ་གྱི་རྟོག་ཞིབ་པ་གཏོང་དགོས་ཞེས་ནན་བརྗོད་བྱས་ཡོད་པ་རེད། ཕྱི་ལོ་༢༠༠༩་ནས་ད་བར་བོད་ནང་ལོགས་སུ་མི་༩༢་ཀྱིས་རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གི་དབང་སྒྱུར་ལ་ངོ་རྒོལ་བྱས་པ་དང་། ད་ལོའི་ཕྱི་ཟླ་༡༡་པ་གཅིག་པུར་མི་༢༨་ཀྱིས་རང་ལུས་མེར་སྲེག་བཏང་སྟེ། ཁོང་ཚོས་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བོད་ལ་ཆིབས་སྒྱུར་གནང་དུ་འཇུག་དགོས་པ་དང་བོད་རང་དབང་དགོས། པཎ་ཆེན་སྐུ་ཕྲེང་༡༡་པ་གཙོ་བོར་གྱུར་པའི་བོད་པ་སྲིད་དོན་བཙོན་པ་རྣམས་གློད་གྲོལ་གཏོང་དགོས་པ་དང་། བོད་པའི་སྐད་ཡིག་དང་རང་བྱུང་ཁོར་ཡུག་ལ་སྲུང་བྱེད་དགོས་ཞེས་སྐད་འབོད་བྱས་ནས་མེར་ལུས་མེར་སྲེག་བཏང་བའམ། ཡང་ན་ཁོང་ཚོས་རང་ལུས་མེར་སྲེག་མ་བཏང་གོང་དེར་ཁ་ཆེམས་ཀྱི་ཡི་གེ་བྲིས་ནས་རང་ལུས་མེར་སྲེག་བཏང་བ་དང་། བོད་པ་རང་སྲེག་ངོ་རྒོལ་བ་མང་པོ་ཞིག་གིས་རྒྱ་ནག་གི་ཏང་སྲིད་དམག་ལ་འབྲེལ་བ་ཡོད་པའི་ལས་ཁུངས་ཁག་དང་གཏེར་ཁ་སྔོག་འདོན་བྱེད་ས། དགོན་པ་དང་མཆོད་རྟེན་སོགས་ཀྱི་ཉེ་འཁྲིས་སུ་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱས་ཡོད་པ་རེད། ཡིན་ནའང་ཕྱི་ཚེས་༥་ཉིན་ཀན་ལྷོ་ཉིན་རེའི་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། བོད་པ་རང་སྲེང་ངོ་རྒོལ་བ་ཚོར་རྒྱབ་སྐྱོར་དང་ངན་སྐུལ། རང་སྲེག་ངོ་རྒོལ་ལ་འཆར་འགོད་དང་སྒྲིག་འཛུགས་བྱེད་མཁན་ཚོར་བསམ་བཞིན་མི་བསད་པའི་ནག་ཉེས་ཐོག་ཏུ་ཁྲིམས་གཅོད་བྱེད་དགོས་པའི་གྲོས་གཞི་བཏོན་ཡོད་པ་དང་། གྲོས་གཞི་དེ་རྒྱ་ནག་གི་ཆེས་མཐོ་ཁྲིམས་ཁང་དང་སྤྱི་བདེ་ལྷན་ཁང་ཐུན་མོང་གིས་སྤེལ་པ་ཞིག་ཡིན་ལ། ཀན་ལྷོ་ཉིན་རེའི་ཚགས་པར་ལ་རང་ལུས་མེར་སྲེག་གི་དོན་རྐྱེན་དེ་དག་རྒྱ་ནག་དགྲ་ཟླར་འཛིན་པའི་ཕྱི་ནང་གི་སྟོབས་ཤུགས་དང་ཁ་བྲལ་རིང་ལུགས་པ་ཚོས་གོ་སྒྲིག་བྱས་པ་ཞིག་ཡིན་ཞེས་སྐྱོན་བརྗོད་བྱས་པ་དེ་ལ་བལྟས་ཚེ། རྒྱ་ནག་གཞུང་གིས་བོད་པ་ཚོས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་དགོད་དོན་ཅི་ཡིན་ལ་ཞིབ་འཇུག་བྱེད་རྒྱུའི་རྟགས་མཚན་ཙམ་ཡང་མེད་པ་དང་། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་གི་འགོ་ཁྲིད་ཚོས་བོད་ནང་གི་རང་ལུས་མེར་སྲེག་གི་འབྱུང་རྐྱེན་ལ་ངེས་པར་དུ་ཞིབ་འཇུག་བྱེད་དགོས་པ་དང་། ཏིང་ཞའོ་ཕིང་གིས་དངོས་ཐོག་བདེན་འཚོལ་ཟེར་པ་ལྟར་རྒྱ་ནག་གཞུང་གིས་བོད་པ་ཚོས་རང་ལུས་མེར་སྲེག་བཏང་ནས་ངོ་རྒོལ་བྱེད་དགོས་པའི་རྒྱུ་རྐྱེན་ཅི་ཡིན་ལ་ཞིབ་འཇུག་བྱེད་པའི་དུས་ལ་བབས་ཡོད་ཅེས་གསུངས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG