ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རང་ལོ་༡༧ཅན་གྱི་བོད་མི་ཞིག་གིས་འབོ་ར་ནས་རང་སྲེག་ངོ་རྒོལ་བྱས་ཡོད་པ།


དེ་རིང་བོད་མདོ་སྨད་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ལྷ་སྡེ་འབོ་ར་ས་ཆའི་གཞུང་ལམ་གྱི་སྟེང་དུ་བོད་མི་རང་ལོ་༡༧ ཡིན་པ་གཟུངས་འདུས་སྐྱབས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཁོང་གི་གཟུགས་པོ་མེ་སྤར་བཞིན་པའི་སྐབས་སུ་ཉེན་རྟོག་པ་ཡོང་ནས་མེ་བསད་དེ་ཁོང་བཙན་ཁྲིད་བྱས་ཡོད་འདུག་ལ། བོད་ནང་གི་གནས་ཚུལ་བྱུང་ཁུངས་བོད་མིས་བརྗོད་ན་ད་ལྟ་གཟུངས་འདུས་སྐྱབས་འབོ་ར་ས་ཆའི་ཐག་ཉེ་གཙོས་གྲོང་ཁྱེར་གྱི་མི་མང་སྨན་ཁང་དུ་ཡོད་འདུག ཡིན་ཡང་གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་བཞིན་པ་མིག་མཐོང་བྱུང་མཁན་མི་ཚོས་བརྗོད་ན་རང་ལུས་མེར་བསྲེགས་གཏོང་བཞིན་པའི་སྐབས་སུ་ཁོང་གིས་རང་གི་མགོ་བོ་འཁྲིས་ཀྱི་རྡོ་ཡི་སྒང་ལ་བཞུ་བཞིན་པ་སོགས་ཀྱིས་ཕལ་ཆེར་གཟུངས་འདུས་སྐྱབས་གསོན་པའི་རེ་བ་མི་འདུག་ཅེས་འགྲེལ་བརྗོད་བྱེད་ཀྱི་འདུག གཟུངས་འདུས་སྐྱབས་ནི་ད་ལྟ་རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་འབོ་ར་ཞང་གི་མངའ་ཁོངས་རྡར་མདོ་སྡེ་བའི་མི་ཡིན་པ་དང་། ཁོང་ནི་ཕ་ཚེ་བྷ་དང་མ་བན་དེ་འཚོ་གཉིས་ཀྱི་བུ་ཡིན་པ་དང་། ཆུང་མ་དང་མཉམ་དུ་བུ་ཆུང་ལོ་ན་གཉིས་ལ་མ་སོན་ཙམ་ཞིག་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་ཁ་ཤས་ཀྱིས་བརྗོད་ན་འབོ་ར་དགོན་པའི་དགེ་མདུན་པ་དང་མང་ཚོགས་ཚོ་གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་འབོ་རའི་གཞུང་ལམ་སྒང་འཛོམས་ཏེ་གཟུངས་འདུས་སྐྱབས་ལ་སྨན་ཁང་དུ་བདག་སྐྱོང་བྱ་བར་འགྲོ་བའི་སྐད་འབོད་བྱེད་པ་དང་ཉེན་རྟོག་པས་བཀག་འགོག་བྱེད་པ་སོགས་ད་ལྟ་གནས་ཚུལ་ཛ་དྲག་ཡིན་འདུག ཡིན་ན་ཡང་ས་གནས་དེ་གའི་རྒྱུད་ལམ་སོགས་ཡོད་ཚད་བཀག་འདུག་པས་ད་ལྟ་འབོ་ར་ས་ཆར་ཐད་ཀར་འབྲེལ་བྱ་ཐུབ་ཀྱི་མེད་པ་རེད།
གཟུངས་འདུས་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་འདི་ནི་སྤྱི་ཟླ་བཅུ་བའི་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་བྱིས་པ་གཉིས་ཀྱི་ཨ་ཕ་ཡིན་པའི་འབོ་ར་ལྷ་མོ་སྐྱབས་ཀྱི་རང་ལུས་མེར་བསྲེགས་གཏོང་སའི་ས་གནས་དང་གཅིག་མཚུངས་གཞུང་ལམ་དེའི་སྟེང་ཡིན་པ་རེད། གཞུང་ལམ་དེ་ནི་རྨ་ཆུ་ཀླུ་ཆུ་དང་། གཙོས། སྒྱུས་ཚང་། དགེ་ཤུལ། ཨ་མཆོག་ལ་སོགས་པར་འགྲོ་སའི་བཞི་མདོའི་ལམ་ཆེན་ཞིག་ཡིན་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG