ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ལྷ་སའི་རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཁང་སྒོ་འབྱེད་ལ་རྒྱ་ནག་གི་དགག་བྱ།


༡༩༥༩་གོང་དུ་རྒྱ་གར་ལ་བོད་ཀྱི་རྒྱལ་ས་ལྷ་སར་ཕྱི་འབྲེལ་སྐུ་ཚབ་དོན་གཅོད་ཁང་ཞིག་ཡོད་པ་དང་། ཉེ་བའི་ལོ་ཤས་ཤིག་ནས་རྒྱ་གར་གཞུང་གིས་རང་གི་སྐུ་ཚབ་དོན་གཅོད་ཁང་དེ་བསྐྱར་དུ་སྒོ་འབྱེད་བྱེད་དུ་འཇུག་དགོས་ཞེས་རྒྱ་ནག་ལ་རེ་བ་བཏོན་རུང་། རྒྱ་ནག་གཞུང་གིས་རྒྱ་གར་གྱི་རེ་བ་དེར་མོས་མཐུན་བྱས་མེད་ཅིང་། པེ་ཅིང་གི་དབང་འཛིན་པ་ཚོས་རྒྱ་ནག་གི་ལྷོ་ནུབ་གྲོང་ཁྱེར་ཁྲེང་ཏུའུ་བཟོ་ལས་དང་ཚོང་ལས་ཀྱི་ལྟེ་གནས་ཤིག་ལ་གྱུར་ཡོད། རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཁང་དེ་ཁྲེང་ཏུའུ་གྲོང་ཁྱེར་ལ་སྒོ་འབྱེད་བྱས་ན་དགེ་མཚན་ཆེ་ཞེས་ལན་འདེབས་བྱས་པ་རེད།

ཕྱི་ཟླ་༨་ཚེས་༣་ཉིན་རྒྱ་གར་གྱི་ཧིན་རྡུ་སི་ཐན་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་གར་གྱི་གཞུང་འབྲེལ་མི་སྣ་ཚོས་རྒྱ་ནག་གཞུང་ལ་བོད་ཀྱི་རྒྱལ་ས་ལྷ་ས་དང་། བོད་རང་སྐྱོང་ལྗོངས་ཀྱི་ས་གནས་གང་ཞིག་ཡིན་རུང་ཕྱི་རྒྱལ་གྱི་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་བྱེད་དུ་འཇུག་འདོད་མེད་པས། རྒྱ་གར་ལའང་ལྷ་སའི་ཚབ་དེར་ཁྲེང་ཏུའུ་དང་ཁུན་མིང་གང་རུང་ཞིག་ལ་སྐུ་ཚབ་དོན་གཅོད་ཁང་སྒེ་འབྱེད་བྱེད་ཆོག་ཅེས་ལན་འདེབས་བྱེད་རྒྱུའི་ཚོད་དཔག་བྱས་པ་ཡིན། ཡིན་ནའང་རྒྱ་གར་ལ་བོད་ཀྱི་རྒྱལ་ས་ལྷ་ས་མ་ཡིན་པའི་ས་གནས་གཞན་པ་གང་ལའང་སྐུ་ཚབ་དོན་གཅོད་ཁང་དེ་སྒོ་འབྱེད་བྱེད་རྒྱུའི་འདོད་པ་མེད། རྒྱ་གར་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་ཚབ་དོན་གཅོད་ཁང་ཞིག་གསར་དུ་སྒོ་འབྱེད་བྱེད་དུ་འཇུག་དགོས་ཟེར་གྱི་མེད་པ་དང་། ང་ཚོས་རྒྱ་གར་ལ་སྔོན་ཆད་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་ཚབ་དོན་གཅོད་ཁང་ཞིག་ཡོད་པ་དེ་བསྐྱར་དུ་སྒོ་འབྱེད་བྱེད་དུ་འཇུག་དགོས་པའི་འབོད་སྐུལ་ཞུས་པ་ཡིན་ཞེས་བཤད་ཡོད་ཅིང་། བོད་ཀྱི་རྒྱལ་ས་ལྷ་སའི་རྒྱ་གར་གྱི་སྐུ་ཚབ་གཅོད་ཁང་དེ་ཐོག་མར་༡༩༠༤་ལོར་དབྱིན་ཇིའི་གཞུང་གིས་བོད་ཀྱི་རྒྱལ་རྩེ་ས་ཁུལ་ལ་བོད་སྡོད་དབྱིན་ཇིའི་ཚོད་དོན་སྐུ་ཚབ་དོན་གཅོད་ཁང་ཞིག་སྒོ་འབྱེད་བྱས་ཏེ། ༡༩༣༧་ལོར་དབྱིན་ཇིའི་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་བོད་དོན་དབྱིན་ཇིའི་སྐུ་ཚབ་དོན་གཅོད་ཁང་ཞིག་དངོས་སུ་སྒོ་འབྱེད་བྱས་མོད། ཡིན་ནའང་༡༩༤༧་ལོར་རྒྱ་གར་ལ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་ནས་བཟུང་། ལྷ་སར་བཅའ་སྡོད་དབྱིན་ཇིའི་སྐུ་ཚབ་དོན་གཅོད་ཁང་རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཁང་གི་ངོ་བོར་གྱུར་པ་དང་། རྒྱ་གར་གཞུང་གིས་སྔར་བཞིན་བོད་སྡོད་དབྱིན་ཇིའི་སྐུ་ཚབ་ལ་ཡོད་པའི་གནས་བབ་དང་ཐོབ་ཐང་དེ་དག་རྒྱུན་འཛིན་བྱས་རུང་། ༡༩༥༩་ལོར་བོད་ལ་དུས་འགྱུར་བྱུང་སྟེ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་། བོད་གཞུང་དགའ་ལྡན་ཕོ་བྲང་དང་བོད་པ་ཁྲི་ཚོ་༨་ལྷག་རྒྱ་གར་ལ་བཙན་བྱོལ་དུ་ཕེབས་ཡོད་པས། རྒྱ་ནག་གཞུང་གིས་བཙན་ཤེད་ཀྱིས་ལྷ་སར་བཅའ་སྡོད་རྒྱ་གར་གྱི་སྐུ་ཚབ་དོན་གཅོད་ཁང་སྒོ་བརྒྱབ་ཏུ་བཅུག་པ་དང་། དེ་ནས་༡༩༦༢་ལོར་རྒྱ་དཀར་ནག་གཉིས་ཀྱིས་བོད་ཀྱི་ས་མཚམས་ཁག་ཏུ་དམག་འཁྲུག་བརྒྱབ་པར་བརྟེན། པེ་ཅིང་དང་ལྡི་ལི་གསར་པའི་ཕྱི་འབྲེལ་ཆད་པ་ནས་དུས་རབས་སྔོན་མའི་ལོ་རབས་༧༠་བའི་དཀྱིལ་བར་དུ་སླར་གསོ་བྱས་ཐུབ་མེད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG