ངོ་འཕྲད་བདེ་བའི་དྲ་འབྲེལ།

བོད་པ་ཆོས་དབྱིངས་སྐྱིད་ལ་ཨོ་ལོམ་ཕིག་ལུས་རྩལ་འགྲན་ཚོགས་ཐོག་ཟངས་ཀྱི་རྟགས་མ་ཐོབ་པ།


དབྱིན་ཇིའི་རྒྱལ་ས་ལོན་ཊོན་ལ་ཚོགས་པའི་རྒྱལ་སྤྱིའི་ཨོ་ལོམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཁེ་ལོ་རྨི་ཌར་༢༠གོམ་བྲོས་འགྲན་བསྡུར་ཐོག་བོད་པ་ཆོས་དབྱིངས་སྐྱིད་ལགས་སུ་འགྲན་བསྡུར་གྱི་ཨང་གསུམ་པ་ཐོབ་ཡོད།

དེ་ཡང་ཟླ་༨ཚེས་༡༡ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཊོན་ལ་ཉིན་རྒྱབ་ཆུ་ཚོད་ལྔ་པ་ཙམ་ལ་འགྲན་བསྡུར་འགོ་བཙུགས་བྱས་ཤིང་། ལོ་ན་༢༡ལ་སླེབས་པའི་བོད་པ་ཆོས་དབྱིངས་སྐྱིད་ལགས་ནི་རྒྱ་ནག་གི་རུ་ཁག་ཁོངས་སུ་ཡོད་པ་དང་། ད་ཐེངས་ཀྱི་འགྲན་བསྡུར་འདིའི་ནང་ཁྱོན་ལུས་རྩལ་པ་༦༡ མཉམ་ཞུགས་བྱས་ཡོད། ལོན་ཊོན་གྱི་ཨོ་ལོམ་ཕིག་ལུས་རྩལ་འགྲན་ཚོགས་འདིའི་ནང་ཆོས་དབྱིངས་སྐྱིད་ལགས་བོད་པ་གཅིག་པུ་འདི་ཡིན་ཞིང་། ཆུ་ཚོད་༡དང་སྐར་མ་༢༥དང་སྐར་ཆ་༡༦གོམ་བྲོས་བྱས་པ་བརྒྱུད་ཟངས་ཀྱི་རྟགས་མ་ཐོབ་ཡོད་པ་དེ་བོད་པར་ཨོ་ལོམ་ཕིག་ལུས་རྩལ་འགྲན་བསྡུར་ནང་རྟགས་མ་ཐོབ་པ་ཐོག་མ་དེ་ཆགས་ཀྱི་ཡོད་འདུག

ཡང་ཨེ་ཕི་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། གོམ་བྲོས་འགྲན་བསྡུར་སྐབས་ལོན་ཌོན་ལ་ཡོད་པའི་བོད་མི་འགྲན་བསྡུར་བྱ་ཡུལ་དུ་འདུ་འཛོམས་བྱས་ཤིང་ལམ་བར་དུ་ཁོང་ལ་རྒྱབ་སྐྱོར་གྱི་དགའ་བསུའི་སྐད་སྒྲ་ཐོས་པ་ཆོས་དབྱིངས་སྐྱིད་ལགས་ཀྱིས་འགྲན་བསྡུར་མཇུག་སྒྲིལ་རྗེས་ཨེ་ཕི་གསར་འགྱུར་ཁང་གི་གསར་འགོད་པར་བརྗོད་ཡོད་འདུག

ཤེས་རྟོགས་བྱུང་བར་གཞིགས་ན། དབྱིན་ཡུལ་ནང་ཡོད་པའི་བོད་པ་དང་བོད་དོན་རྒྱབ་སྐྱོར་བ་མང་པོ་ཞིག་གིས་གོམ་བྲོས་འགྲན་བསྡུར་འཁེལ་ཡུལ་ས་གནས་ཁག་ཅིག་གི་ཐོག་བོད་ཀྱི་རྒྱལ་དར་འཕྱར་ནས་ཆོས་དབྱིངས་སྐྱིད་ལགས་སུ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པར་བྱས་ཡོད། དེ་བཞིན་བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་དྲ་རྒྱའི་ཐོག་ཆོས་དབྱིངས་སྐྱིད་ལགས་སུ་རྒྱབ་སྐྱོར་མཚོན་པའི་བསམ་ཚུལ་བཞག་མཁན་ཡང་མང་པོ་བྱུང་ཡོད་འདུག ཟླ་བ་འདིའི་ཚེས་༢༧ཉིན་ཚོགས་པའི་ཨོ་ལོམ་ཕིག་ལུས་རྩལ་འགྲན་ཚོགས་འདི་བཞིན་ད་རེས་༡༢ཉིན་མཇུག་སྒྲིལ་བྱ་ཡི་ཡོད།
XS
SM
MD
LG