ངོ་འཕྲད་བདེ་བའི་དྲ་འབྲེལ།

རྐང་ཚའི་དབང་ཆེན་ནོར་བུས་རང་ལུས་མེར་བསྲེགས་ཏེ་ངོ་རྒོལ་བྱས་འདུག


བོད་མདོ་སྨད་མཚོ་ཤར་ཁུལ་ཡ་རྫི་རྫོང་རྐང་ཚ་བོད་རིགས་རང་སྐྱོང་ཞང་རྐང་ཚ་སྡེ་བའི་བོད་ མི་དབང་ཆེན་ནོར་བུ་ལུགས་ཀྱིས་དེ་རིང་སྤྱི་ཟླ་༡༡ཚེས་༡༩ཉིན་རེབ་གོང་ཁུལ་ནས་རྒྱབ་ རིས་པོ་ཏཱ་ལ་བཞག་པའི་མཐའ་མའི་དྲན་རྟེན་གྱི་འདྲ་པར་ཞིག་བླངས་རྗེས། རྐང་ཚ་སྡེ་བའི་ཐག་ཉེ་དགའ་ལྡན་ཆོས་འཕེལ་གླིང་དུ་སོང་ནས་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཏེ་སྐུ་འདས་གྲོངས་སུ་ཕྱིན་ཡོད་འདུག ལོ་ན་༢༥ལ་སོན་པའི་དབང་ཆེན་ནོར་བུ་ལགས་ཀྱི་གཟུགས་པོ་མེ་ཡིས་འཚིགས་ཏེ་ག་ལེར་ས་རུ་འགྱེལ་བཞིན་པའི་སྐབས་སུ་ཡང་ད་དུང་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་བོད་ཡུལ་དུ་ཕེབས་དགོས། པན་ཆེན་རིན་པོ་ཆེ་བཙོན་གྲོལ་ཐོབ་དགོས། བོད་ལ་རང་དབང་དགོས་ཞེས་སྐད་འབོད་བྱེད་བཞིན་པ་དགའ་ལྡན་ཆོས་འཕེལ་གླིང་གི་དགེ་འདུན་པ་ཚོས་གོ་ཐོས་བྱུང་ཡོད་པ་མ་ཟད། ད་ལྟ་རྐང་ཚ་སྡེ་བའི་མང་ཚོགས་དང་དགོན་པའི་དགེ་འདུན་པ་ཚོས་དབང་ཆེན་ནོར་བུའི་སྐུ་ཕུང་དགོན་པར་གདན་དྲངས་ཏེ་བསྔོ་སྨོན་ཆུ་ཚོད་གཉིས་ཙམ་རིང་གནང་རྗེས་དུར་ཁྲོད་དུ་གདན་དྲངས་ཏེ་ཞུགསའབུལ་བྱས་ཡོད་པ་དང་ཞུགས་འབུལ་བྱེད་སར་༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་ས་གནས་མང་ཚོགས་ཀྱི་སྐད་ཤུགས་ཆེན་པོས་སྨྲེ་ངག་བཏོན་ཡོད་པ་གནས་ཚུལ་མཁོ་སྤྲོད་གནང་མཁན་གྱིས་ཁ་པར་བརྒྱུད་གོ་ཐོས་བྱུང་ཡོད་པ་སོགས་ཀྱི་སྐོར་ཚེ་རིང་སྐྱིད་ཀྱིས་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་གནང་གི་རེད།

XS
SM
MD
LG