ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་ཀྱི་ཨ་མདོ་བླ་བྲང་ཁུལ་ནས་བོད་མི་ཚེ་བྷེ་ཡིས་རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ་བྱས་པ།


སྤྱི་ཟླ་༡ཚེས་༡༢རེས་གཟའ་སྤེན་པའི་ཉིན་བོད་ཀྱི་ཨ་མདོ་བླ་བྲང་ཁུལ་གྱི་བསང་ཆུ་རྫོང་ཨ་མཆོག་སྐྱིད་སྡེ་བ་ནས་ཡིན་པའི་བོད་མི་ཚེ་བྷེའམ་ཚེ་རིང་བཀྲ་ཤིས་ཀྱིས་རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ་བྱས་ཏེ་འདས་གྲོངས་ལ་སོང་ཡོད་འདུག
ལོ་ན་༢༢ལ་སོན་པའི་ཚེ་བྷེ་ཡིས་ཚེས་༡༢ཉིན་ཨ་མཆོག་ནང་རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ་བྱ་སྐབས་བོད་ཆས་གྱོན་ཞིང་ལུས་པོར་ལྕགས་སྐུད་ཀྱིས་བསྡམས་པ་དང་། དེ་བཞིན་ཀཱི་ཧོ་ཧོ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཞེས་སྐད་འབོད་བྱས་ཏེ་ཨ་མཆོག་གི་སྲང་ལམ་ཐོག་སྐྱོད་ཡོད་འདུག རང་སྲེག་ངོ་རྒོལ་བྱས་པའི་བརྒྱུད་རིམ་ནང་ས་གནས་ཀྱི་བོད་མིས་དངོས་སུ་མཐོང་བ་དང་མེ་ཆེན་པོ་ཡོད་པར་བརྟེན་ཁོང་འདས་གྲོངས་ལ་སོང་སྟེ་བོད་མི་ཚོས་ཁོང་གི་སྐུ་ཕུང་ཨ་མཆོག་སྐྱིད་སྡེ་པར་གདན་ཞུ་བྱས་པའི་ཐོག་ས་གནས་མང་ཚོགས་ཚོས་བསྔོ་སྨོན་བྱ་རྩིས་བྱ་སྐབས་དེ་མུར་ཉེན་རྟོག་པ་འབྱོར་ནས་བཀག་འགོག་བྱས་འདུག་ལ། ཨ་མཆོག་དགོན་པའི་དགེ་འདུན་པ་དང་ཉེ་ཁོར་སྡེ་བའི་མང་ཚོགས་འདུ་འཛོམས་བྱ་མི་བཅུག་པར་ལམ་ཁ་བཀག་པ་དང་ཁ་པར་ལ་སོགས་པའི་འབྲེལ་ལམ་བཀག་པའི་གནས་ཚུལ་ཡང་ཐོན་བཞག དེ་མིན་འདས་པོ་ཁོང་གི་སྐུ་ཕུང་གང་མྱུར་ཞུགས་འབུལ་དགོས་པ་དང་གལ་ཏེ་གནས་ཚུལ་བྱུང་ན་འགན་ཁུར་དགོས་པའི་ཉེན་བརྡ་འཇིགས་སྐུལ་ཡང་བྱས་འདུག
སྤྱི་ལོ་༢༠༠༩ལོ་ནས་བོད་ནང་གི་བོད་མིས་རྒྱ་ནག་གཞུང་ལ་རང་སྲེག་ངོ་རྒོལ་བྱེད་འགོ་ཚུགས་ཤིང་། ཚེ་བྷེ་ནི་སྤྱི་ལོ་༢༠༡༣ལོའི་ནང་བོད་ནས་རང་སྲེག་ངོ་རྒོལ་བྱེད་མཁན་ཐོག་མ་འདི་ཆགས་ཀྱི་ཡོད། ཁོང་གི་བཟའ་ཟླའི་མིང་ལ་ཡུམ་མཚོ་སྐྱིད་དང་། ཁོང་གི་ཕའི་མིང་ལ་གདུགས་དཀར་སྐྱབས་དང་ཨ་མའི་མིང་ལ་ཚེ་རིང་སྒྲོལ་མ་རེད་འདུག
XS
SM
MD
LG