ངོ་འཕྲད་བདེ་བའི་དྲ་འབྲེལ།

འབའ་ཐང་རྫི་བ་ས་ཁུལ་དུ་བོད་མིར་དྲག་གནོན་དང་འཛིན་བཟུང་བྱས་པ།


སྔོན་འབའ་ཐང་གི་ཁོངས་སུ་གཏོགས་ཤིང་། ད་ལྟ་རྒྱ་ནག་གཞུང་གིས་ལི་ཐང་རྫོང་ཁོངས་སུ་ཆ་བགོས་བྱས་ཡོད་པའི། རྫི་བ་གྲོང་ཚོའི་སྡེ་མི་ཚོ་ལ། རྒྱ་ནག་གཞུང་གིས་སྔ་ཕྱིར་༼ཁ་བྲལ་བ་ཏཱ་ལེ་ལ་ངོ་རྒོལ་བསྒྲགས་གཏམ་༽ཞེས་པའི་ཡིག་ཆར་མིང་རྟགས་འགོད་དགོས་པའིབཀོད་པར་བཙན་དཀའ་བཏང་བ་དང་། དེ་ལ་མིང་རྟགས་འགོད་རྒྱུའི་ཆེད་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཐེངས་མང་པོ་བཏང་ཡང་། ལོ་མང་རིང་རྫི་བ་གྲོང་ཚོའི་མི་རྣམས་ཀྱིས་ངོས་ལེན་མ་བྱས་པ་དང་མིང་རྟགས་མ་བཀོད་པས། བརྒྱད་པའི་ཚེས་༡་དང་ཚེས་༢་ཉིན་གཉིས་ཀྱི་རིང་ལ་རྫི་བ་གྲོང་ཚོར་ཉེན་རྟོག་པ་དང་དམག་མི་འབོར་ཆེན་སླེབས་པ་དང། མེ་མདའ་གནམ་ལ་འཕངས་ཏེ་དྲག་པའི་རྒོལ་རྡུང་བྱེད་ཀྱིན་པ་ལྟ་བུའི་ཞེད་སྣང་སྐུལ་ཞིང་། གྲོང་ཚོའི་སྐྱེས་པ་རྣམས་དབྱར་ཁའི་ཤ་མོ་འཐུ་སའི་རྩ་སར་བཀག་འགོག་བྱས་ཏེ་ ལུས་ལ་བོད་ཆས་གྱོན་ཡོད་པ་རྣམས་ཀྱི་སྐེ་རགས་གྲི་ཡིས་བཏུབས་ཏེ་བཙན་འཕྲོག་བྱེད་པ་སོགས་སྡེ་པའི་ཁྲོད་ཀྱི་སྐྱེས་པ་༥༠ལྷག་འཛིན་བཟུང་བྱས་ཡོད་པ་མ་ཟད། ཡང་མགོ་དང་ངོ་གདོང་ཁྲག་གིས་ཁེངས་ཏེ་རྨས་སྐྱོན་ཕོག་ཡོད་མཁན་ཡང་གང་མང་ཡོད་འདུག ་ཅེས་འབའ་ཐང་ཕྱོགས་ཀྱི་མི་ཞིག་གིས་འགྲེལ་བརྗོད་བྱས་སོང་ལ་ད་ལྟའི་ཆར་ས་གནས་དེ་གར་གནས་སྟངས་གང་འདྲ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པའི་སྐོར་ཚེ་རིང་སྐྱིད་ཀྱིས་གླེང་མོལ་བྱེད་པར་གསན་རོགས་གནང་།

XS
SM
MD
LG