ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་བོད་པ་ཚོ་ནང་འགུགས།


རྒྱ་ནག་གི་གོ་ལའི་དུས་བབ་ཚགས་པར་ལ་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་པ་འབུམ་༡་དང་ཕྱེད་ཀ་ཙམ་ཡོད་པ་དང་། རྒྱ་ནག་གི་ཞིང་གཞན་ཁག་ལ་ཕྱི་སྡོད་རྒྱ་རིགས་ཚོར་འབྲེལ་བ་དང་སྣེ་ལེན་བྱེད་པའི་ལས་ཁུངས་ཡོད་ཀྱང་། བོད་རང་སྐྱོང་ལྗོངས་ལ་ཕྱི་སྡོད་བོད་པ་ཚོར་འབྲེལ་བ་དང་སྣེ་ལེན་བྱེད་པའི་ཧྭ་ཆའོ་ལས་ཁུངས་མེད་པ་དང་། ཟླ་བ་འདིར་བོད་རང་སྐྱོང་ལྗོངས་ལ་ཕྱི་སྡོད་བོད་པ་ཚོར་འབྲེལ་བ་དང་སྣེ་ལེན་བྱེད་པའི་ཧྭ་ཆའོ་ལས་ཁུངས་ཤིག་གསར་དུ་སྒོ་འབྱེད་བྱ་འཆར་ཡོད་ཅེས་གནས་ཚུལ་སྤེལ་ཡོད་པ་རེད། དེ་ཡང་ཕྱི་ཟླ་༩་ཚེས་༡༠་ཉིན་རྒྱ་ནག་གི་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཤུང་ཁུན་ཞིན་གྱིས་གསར་འགོད་པ་ཚོར་བཤད་པ་ལྟར་ན། བོད་རང་སྐྱོང་ལྗོངས་ལ་ཧྭ་ཆའོ་ལས་ཁུངས་གསར་པ་ཞིག་སྒོ་འབྱེད་བྱས་ན་ཕྱི་སྡོད་བོད་པ་ཚོར་ཕན་ཐོགས་བསྒྲུབ་རྒྱུ་དང་། རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལའང་དགེ་མཚན་ཡོད། སྔོན་ཆད་བོད་པ་ན་གཞོན་ཁག་ཅིག་རང་ཡུལ་ནས་རྒྱ་གར་ལ་བྲོས་བྱོལ་དུ་སོང་སྟེ། ཁོ་ཚོ་ཏཱ་ལའི་བླ་མར་མཇལ་ཐབས་བྱས་ཀྱང་མཇལ་ཁ་མ་ཐོབ་པར་དཀའ་ངལ་གྱི་གནས་སུ་ལྷུང་བ་དང་། བོད་པ་ན་གཞོན་དེ་ཚོ་རང་ཡུལ་ལ་ཕྱིར་ལོག་བྱེད་པར་ལམ་གྲོན་སོགས་ཀྱི་འགྲོ་གྲོན་མེད་པ་མ་ཟད། ཁོ་ཚོ་རང་ཡུལ་ལ་ཕྱིར་ལོག་བྱས་ན་འཛིན་བཟུང་བྱེད་སྲིད་པའི་འཇིགས་སྣང་བྱས་ཏེ་རང་ཡུལ་ལ་ལོག་ཡོང་ཐུབ་ཀྱི་མེད་པ་དང་། གལ་ཏེ་བོད་རང་སྐྱོང་ལྗོངས་ཀྱི་ཧྭ་ཆའོ་ལས་ཁུངས་དེས་ན་གཞོན་དེ་དག་གི་ཉེ་ཚན་རྣམས་ལ་འབྲེལ་བ་བྱས་ཏེ། ཁོ་ཚོ་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུ་དེར་རོགས་རམ་བྱེད་ཚེ། ཕྱི་སྡོད་བོད་པ་ཚོར་འཕྲད་བཞིན་དཀའ་ངལ་ཁག་ཅིག་སེལ་ཐུབ་པའི་ཕན་ཐོགས་ཡོད་ཅེས་བཤད་ཡོད་པ་རེད། ཧོང་ཀོང་གི་མིང་པའོ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། ཕྱི་ལོ་༢༠༠༩་ནས་རྒྱ་ནག་གཞུང་གིས་ཕྱི་སྡོད་བོད་པ་ཚོར་འཛིན་པའི་ལས་དོན་སྒྲུབ་ཕྱོགས་ལ་འགྱུར་བ་གཏོང་འགོ་ཚུགས་ཡོད། དཔེར་ན་ལོ་དེའི་བོད་པའི་ལོ་སར་སྐབས་ནས་རྒྱ་ནག་གཞུང་གིས་ཕྱི་སྡོད་བོད་པ་ཚོ་དང་བོད་པ་དེ་དག་གི་ཉེན་ཚན་རྣམས་ལ་ཐུག་འཕྲད་དང་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་གཏོང་རྒྱུ་འགོ་ཚུགས་པས། རྒྱ་གཞུང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་ཐབས་གསར་པ་འདི་བརྒྱུད་ནས་ཕྱི་སྡོད་བོད་པ་ཚོར་རང་ཡུལ་ལ་གཉེན་འཕྲད་དུ་ཡོང་བ་དང་། ཁོ་ཚོ་ཕྱི་རྒྱལ་ལ་ལོག་འགྲོ་བའི་སྐབས་སུ་ལམ་སྟོན་དང་སློབ་གསོ། ཁོ་ཚོས་རང་གི་ཉམས་མྱོང་དེ་རྣམས་ཕྱི་རྒྱལ་དུ་ཡོད་པའི་བོད་པ་གཞན་རྣམས་ལ་བརྒྱུད་བསྒྲགས་བྱས་ཏེ། ཕྱི་རྒྱལ་དུ་ཡོད་པའི་བོད་པ་མང་པོ་ཞིག་རང་ཡུལ་ལ་ཕྱིར་ལོག་བྱ་རྒྱུ་དེར་ཕན་ཐོགས་འབྱུང་ངེས་ཡིན་ཞེས་བཀོད་ཡོད་པ་རེད། རྩ་བའི་༡༩༧༩་ལོར་བོད་ཕྱི་ནང་གི་འགྲིམ་འགྲུལ་སྒོ་ཕྱེ་ནས་བཟུང་། འདས་པའི་ལོ་ངོ་༣༣་ལྷག་ལ་མདོ་དབུས་ཁམས་གསུམ་གྱི་བོད་ས་ཁག་ནས་བོད་པ་ཁྲི་ཚོ་༩་ཡས་མས་ཤིག་རྒྱ་གར་ལ་གནས་སྐོར་དང་སློབ་སྦྱོང་། ལྷག་པར་དུ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མཇལ་ཁ་ཞུ་རུ་ཡོང་ཡོད་ཅིང་། གལ་སྲིད་བོད་ནས་གསར་དུ་ཡོང་མཁན་དེ་ཚོས་བལ་ཡུལ་གྱི་རྒྱལ་ས་ཀ་ཐ་མན་ཀྲུ་དང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པ། རྒྱ་གར་དྷ་རམ་ས་ལའི་བཙན་བྱོལ་བོད་གཞུང་གི་སྣེ་ལེན་ཁང་དེ་དག་ལ་མཇལ་ཁ་ཞུ་རྒྱུའི་ཐོ་འགོད་བྱས་ཡོད་ཚེ། བོད་ནས་ཡོང་མཁན་སུ་ཞིག་ཡིན་རུང་རྒྱལ་བ་རིན་པོ་ཆེའི་མཇལ་ཁ་མ་ཐོབ་པ་ཕལ་ཆེར་མེད་པ་དང་། ༧གོང་ས་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཕེབས་ཏེ་དྷ་རམ་སར་བཞུགས་མེད་པའམ། ཡང་ན་སྐབས་འགར་༧གོང་ས་མཆོག་དུས་ཡུན་བདུན་ཕྲག་འགའ་རེར་སྐུ་མཚམས་བཞུགས་ཏེ། བོད་ནས་གསར་དུ་ཡོང་མཁན་ཚོས་༧གོང་ས་མཆོག་གི་མཇལ་ཁ་ཞུ་བར་དུས་ཡུན་བདུན་ཕྲག་རེ་ཟུང་རེ་སྒུག་དགོས་ཐུག་པའི་གནས་ཚུལ་ནི་འབྱུང་གི་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG