ངོ་འཕྲད་བདེ་བའི་དྲ་འབྲེལ།

འཇིགས་སྐུལ་པ་རྩིས་སྤྲོད་བྱེད་མཁན་ཚོར་དངུལ་སྒོར་བྱ་དགའ།


རྒྱ་ནག་གཞུང་གིས་ཞིན་ཅང་གི་ཧོ་ཏན་(ལི་ཡུལ)ས་གནས་ཀྱི་ཉེན་རྟོག་པ་༡༦་དང་མི་མང་དཀྱུས་མ་༢་བཅས་ཁྱོན་བསྡོམས་མི་༡༨་ལ་མི་དམངས་ཤོག་སྒོར་ས་ཡ་༡་ལྷག་བྱ་དགའ་སྦྱིན་པ་དང་། ཁོ་ཚོས་རྒྱ་ནག་གི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པར་ལེགས་སྐྱེས་ཕུལ་ཡོད་ཅེས་བསྔགས་བརྗོད་བྱས་ཡོད་ཅིང་། ད་དུང་ཉེན་རྟོག་པ་གསུམ་གོ་གནས་སྤར་ཡོད་པའི་གནས་ཚུལ་ཐོན་རུང་། ཧོ་ཏན་ས་གནས་ཀྱི་ཉེན་རྟོག་པ་དང་མི་མང་དཀྱུས་མ་དེ་ཚོས་རྒྱལ་ཁབ་ཀྱི་ཞི་བདེ་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ལེགས་སྐྱེས་ཅི་ཞིག་ཕུལ་ཡོད་མེད་འགྲེལ་བཤད་གསལ་བོ་ཞིག་བརྒྱབ་མེད་པ་རེད། ཧོ་ཏན་རྫོང་གི་དམར་ཤོག་ཚོགས་པའི་དྲུང་ཆེ་ལུ་བྷོ་རན་གྱིས་བརྗོད་དོན། རྒྱལ་ཁབ་ཀྱི་ལས་བྱེད་པ་དང་མི་མང་དཀྱུས་མ་དེ་ཚོ་ཛ་དྲག་གི་དུས་སུ་མདུན་དུ་ཐོན་ནས་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱས་ཏེ། ཁོ་ཚོས་རྒྱ་ནག་གི་སྤྱི་ཚོགས་ལ་བརྟན་ལྷིང་ལ་སྲུང་སྐྱོབ་བྱས་ཡོད་ཅེས་བསྔགས་བརྗོད་བྱས་པ་མ་ཟད། རྒྱ་ནག་གཞུང་གིས་ཞིན་ཅང་གི་ས་གནས་གང་སར་འཇིགས་སྐུལ་རིང་ལུགས་པ་ཡིན་པར་དོགས་གཞི་ཅན་རྣམས་རྩིས་སྤྲོད་བྱེད་མཁན་བྱུང་ན་དེ་ལ་དངུལ་སྒོར་བྱ་དགའ་སྤྲོད་པའི་ཐབས་ཇུས་ཞིག་ལག་ལེན་བསྟར་གྱི་ཡོད་པ་དང་། ཧོ་ཏན་ས་གནས་ཀྱི་དངུལ་སྒོར་བྱ་དགའ་ལེན་མཁན་ཉེན་རྟོག་པ་ཞིག་གིས་ང་ཚོའི་ཞི་བདེའི་འཚོ་བ་དང་བདེ་འཇགས། སྤྱི་ཚོགས་བརྟན་ལྷིང་རྣམས་དགྲ་ཟླའི་སྟོབས་ཤུགས་གསུམ་གྱིས་གཏོར་བརླག་བྱེད་བཞིན་འདུག དགྲ་ཟླའི་སྟོབས་ཤུགས་གསུམ་ནི་འཇིགས་སྐུལ་རིང་ལུགས་དང་ཁ་བྲལ་རིང་ལུགས། ཆོས་ལུགས་ཀྱི་ལྟ་བ་མཐའ་ལྷུང་རིང་ལུགས་ཡིན། ང་ཚོས་དགྲ་ཟླའི་སྟོབས་ཤུགས་གསུམ་ལ་སེམས་ཐག་རྦད་བཅད་ཀྱིས་འཐབ་རྒོལ་བྱ་དགོས་ཞེས་བཤད་འདུག

XS
SM
MD
LG